མཐོན་པོ་ཡིན་འདོག་མ་བྱེད།
མིག་གིས་ཟུམ་ཟུམ་ལུས་ཀྱིས་སོང་སོང་གཟན་གྱིས་དབུ་རིལ་གཡོག་ཤེས་ཙམ།།
བླ་མིང་བརྒྱ་ཡི་དོན་གྱི་བླ་མ་ཡིན་མདོག་བྱེད་མཁན་མང་ན་ཡང་།།
ཀུན་སྨོན་ཞིང་ལ་འདས་པའི་རྣམ་ཤེས་ལམ་སྟོན་བྱེད་པའི་དཀའ་ལས་ཁག།
ད་དུང་མངོན་ཤེས་ས་ལེར་གསལ་བའི་སྒོམ་ཆེན་བླ་ཆེན་ཡིན་མདོག་མདོག།
ཐོས་བསམ་སྒོམ་པའི་སྟ་གོན་མི་དགོས་ཕ་མེས་སྟོང་གི་རིགས་རུས་བསློགས།།
སངས་རྒྱས་བསྟན་པའི་སོན་རྩ་གཟིཌ་ནས་མཛེས་མའི་ཤ་ཁྲི་འདེམ་ཤར་ཤར།།
ཨ་ཞང་ཆོས་རྒྱལ་ཞལ་ངོ་གསོས་ནས་སྐྱ་སེར་གཉིས་ཀྱི་ཐོབ་ཐང་བླང་།།
གདུང་རུས་བདག་པོའི་བརླ་རྐང་བླ་མ་གསེར་ཁྲི་སྟེང་དུ་ལིང་ལིང་ལིང་།།
ལྐོག་གཡོ་ཇུས་གཞི་བྱང་ཐག་ཆོད་པའི་ཁ་ཕོར་ཆེད་ཀྱི་དཔོན་ངན་ཁྱོད།།
དམངས་ཀྱི་དོན་ལ་འདྲེ་ཁ་གཡར་ནས་ཁྱོད་ཀྱིས་ཁ་ཕོར་སྲུང་སྲུང་གཉིས།།
ད་དུང་དམངས་ཚོའི་དཀའ་ལས་རྔུལ་ཆུ་ཐིག་པ་བསགས་པའི་འཚོ་རྟེན་འཕྲོག།
དྲང་པོའི་ཚུལ་འཆོས་ཕྱི་ལ་ངོམ་ནས་དྲང་བདེན་དཔོན་པོ་ཡིན་མདོག་མདོག།
རང་མེས་རྒད་པོའི་རང་ཆས་མ་སྤྲས་ཨ་གསར་ཆེ་བའི་གཞོན་གསར་མས།།
བྲང་ཁོག་མ་ཐུམ་སྐེད་ལུས་མ་ཁེབས་གཅེར་བུའི་རྒྱུ་བའི་ལྭ་བ་གྱོན།།
ཚུལ་འཆོས་གཟབ་འདོག་ཤ་དམར་བྲང་ཁོག་མྱོས་བུམ་སྦོས་པའི་བམ་རོ་ཞིག།
རྟགས་ཅན་ངོམ་རྒྱུ་ཡོད་པ་ཙམ་གྱི་འཛངས་མའི་མཛེས་མ་ཡིན་མདོག་མདོག།
ཁྲ་ཁྲ་ཟིང་ཟིང་རྨི་ལམ་སྣང་བའི་དབྱར་རྩ་དགུན་འབུའི་གཏེ་ཕྲུག་འགས།།
རལ་གྲི་ལག་ཡུ་གྱེན་དུ་སྒྲེང་བཞིན་རྐུབ་ཤའི་དྲི་ཆེན་སྒོ་ཆེན་ངོམ།།
གླིང་ཕྲུག་ཚང་གི་དཔའ་ཚོགས་ནང་གི་སྟག་རྒོད་དཔུང་པའི་ཕོ་རྒོད་ཞིག།
ཡིན་མདོག་དྲེག་པའི་སྟོང་སྟོང་སྦོམ་སྦོམ་ཕོ་གསར་ཁྱོད་ཚོ་ཤ་རེ་ཚ།།
ཞྭ་དཀར་རྔ་རྒོག་རྐོ་བརྡུང་བྱེད་བཞིན་ཁྲག་རྩ་སྦོས་པའི་དབུ་ཆེན་འགའ།།
གཞུང་ཆེན་ཞིག་གི་དཀའ་གནད་ཆེན་མོ་གཅིག་ཀྱང་དཀྲོལ་བའི་རེ་བ་མེད།།
གཏོ་མཁན་རྒྱལ་པོས་སྤྱོད་པ་གཙོར་འཛིན་དུས་རྟག་གཏོ་ལ་མགོ་བོ་འཁོར།།
དྲེག་པ་ཁྱོད་ལས་ཆེ་ཞིག་མེད་པས་དོན་ཆེན་མཁས་པ་ཡིན་མདོག་མདོག།
དགུན་འབུ་སྒོ་ཟོག་བརྗེ་ལེན་ཤེས་ན་འཇོན་ཐང་ཟེར་བའི་དུད་ངན་འགས།།
ཁང་པའི་མཐའ་ཟུར་དཀར་ཁྲ་དམར་ཁྲའི་ཚོན་རྩི་བྱུག་པའི་ཇུས་གཞི་དང་།།
རྗིག་དང་ཆུ་ཤོག་སྔོན་དམར་སེར་གསུམ་ནོར་གྱི་ཕྱུག་པའི་ཁྱིམ་ཚང་ཞིག།
དགུན་འབུ་དབྱར་རྩས་བསྐྲུན་པ་ཙམ་གྱི་དུད་ཆེན་ཕྱུག་ཚང་ཡིན་མདོག་མདོག།
སྙན་སྙན་ཚིག་གི་སྡེབ་སྦྱོར་མི་ཤེས་གང་དྲན་འབྲི་བའི་གངས་ཕྲུག་འགས།།
ཚིག་སྦྱོར་དོན་མཛེས་ཡོངས་ཀྱི་དབེན་པའི་གང་དྲན་ཤོག་ངོར་ཕབས་པ་ལ།།
སྙན་ངག་པ་ཡི་མཚན་སྙན་གྲགས་པའི་ཆེད་དུ་མཚན་ལ་ཁ་གསར་འདོན།།
ཤོ་ལོ་རེ་གཉིས་ཤོག་ཐོག་བཀོད་རྗེས་སྙན་ངག་པ་ཞིག་ཡིན་མདོག་མདོག།
རྣམ་པར་ཤེས་པ་རྣམ་གཡེང་གསེང་དུ་མ་འགྲོཌ་མེད་པའི་སློབ་གྲོཌ་འགས།།
ཁྱིམ་ཚང་གཅིག་པའི་ཡོད་ཚད་ཞིག་གི་རེ་བ་རི་བོང་རྭ་ཡི་སྤུན།།
ཨར་ཁང་ནོར་མའི་སློབ་གཞིས་བཟུང་ནས་ཨ་མའི་བུ་མོ་རོགས་ལོ་ཁྲིད།།
ཡབ་ཡུལ་ཕྱོཌ་ཀྱི་ཡུལ་ཁྱིམ་སླེབས་དུས་གཞུང་ཆེན་སློབ་ཆེན་ཡིན་མདོག་མདོག།
ཚིག་ཅི་ཙམ་ཞིག་གོ་བ་མེད་པའི་བློ་ལྡོག་རྣམ་བཞིའི་རྒྱ་བླ་འགས།།
འགྲོ་འདྲེན་སྟོང་གི་སྟོན་པ་ཡིན་མདོག་སྐུ་ཤ་རློན་པའི་འགྲན་རྩོད་རྒོད།།
བརྒྱ་ལོ་བླ་མའི་གཏམ་ལ་ཉན་ཉན་རྒྱ་རྒན་སློབ་མ་ཕོ་བློ་ཉེས།།
རྒྱ་ཡུལ་ཞིང་གི་སྤྲུལ་གཟུཌ་འགའ་ལ་དགག་ལན་བྱེད་འདོད་ཐེངས་གཅིག་མིན།།
ངང་འགྲོས་སྟངས་བཞིན་གཉིས་ཆར་སྡེབ་པའི་དེང་རབས་བུ་དང་བུད་མེད་འགས།།
ཞལ་རལ་སྣ་ཆག་དར་གྱིས་ཐུམ་ནས་མིག་ཟུང་ཆ་ག་ཕྱི་ལ་ངོམ།།
བྲང་ཁོག་གཅེར་བུ་ཕུད་པ་ཙམ་གྱི་སྒེག་ཉམ་མཛེས་མ་ཡིན་མདོག་མདོག།
བཟང་པོའི་དྲུང་ཆ་ཁྱོད་ལ་མ་འཛོམས་ངན་པའི་སྤྱོད་པ་ཁྱོད་ལ་འཚོགས།།
ཕར་ཀིའི་མི་ལ་སྐྱོན་འདོགས་བྱེད་པའི་རང་ལ་སྐྱོན་ཆ་མ་དབེན་ཀྱང་།།
ལོ་ཡི་གྲང་ལ་མ་བསྲན་མེད་ཀྱང་ཁྱོད་ཚོས་སྤྲེལ་ལད་འཁྲབ་འཁྲབ་གཉིས།།
མིག་ངོར་མཐོང་བ་ཐེངས་གཅིག་མིན་པས་སྐྱོན་འདོགས་མི་བྱེད་ཁག་མེད་བྱུང་།
མཚང་ཅན་སུ་ཡི་མཚང་ལ་ཕོག་ཀྱང་འགྱོད་བཤགས་མི་བྱེད་ཐག་ཆོད་ཡིན།།
སྤྱི་ལོ་ ༢༠༡༣ -༤-༢༩ ཉིན་དམ་བཅའ་དགོང་མོར་མཁར་ཚང་བསོད་ནམས་བློ་གྲོས་ནས་བྲིས།།