ཨ་མ་དྲན་པའི་མིག་ཆུ།ཟས་གོས་ཤ་མར་ཐུད་ཀྱི་འཚོ་བ་ལ་རོལ་དུས།།
འུར་རྡོ་ཁྲ་ཆུང་ཁྱེར་ནས་འཁྱགས་རོམ་གསེང་བསྐྱོད་བཞིན།།
ཐལ་རྡུལ་བུ་ཡུག་གསེང་གི་སླས་ར་དང་འགྲོགས་པའི།།
གྲང་ངར་རླུང་ལ་བསྐྱོད་པའི་ཨ་མ་དེ་དྲན་བྱུང་།།
ཨ་མའི་སེམས་ཆུང་དཀྱིལ་གྱི་བརྩེ་ཆུང་གི་བུ་ཆུང་། །
ང་ཡིས་ཟླ་དགུ་ཞག་བཅུ་ཨ་མ་ལ་སྡུག་སྤྲད།།
ངོ་ཡི་མདོག་ཤོར་རླུང་གིས་སྐྲ་ལོ་ཡོངས་གཅོད་ཀྱང་།།
དཀའ་སྡུག་བཟོད་སྲན་ཅན་གྱི་ཨ་མ་ཁྱོད་དྲན་བྱུང་།།
ལུས་ལ་གོས་འཇམ་ཁོག་ལ་ཟས་བཟང་སོགས་སྤྲད་མཁན།།
སྣབ་ལུད་ཁ་ཡིས་ཕྱག་རྡུལ་དྲིན་ཅན་གྱི་སྐྱོང་བས།
མ་ཡུམ་དྲིན་ཆེན་གླིང་གི་དྲིན་ཅན་གྱི་མ་ལོ།།
ཡོད་ཚད་ང་ལ་སྤྲད་པའི་ཨ་མ་ཁྱོད་དྲན་་བྱུང་།།
མི་ཚེའི་མདུན་ལམ་བཟང་པོའི་གཏད་སོ་བསམ་བསམ།།
ནམ་ཕྱེད་རྨི་ལམ་གསེང་དུ་ལྷད་མེད་ཀྱི་བརྩེ་སེམས།།
ང་ཕྱོགས་མི་ཤོར་རང་དབང་ཁྱོད་རང་ལ་མེད་པའི།།
ཕྱི་བསམ་ང་ལ་གཏོང་བའི་ཨ་མ་ཁྱོད་དྲན་བྱུང་།།
ལང་ཚོ་དར་ལ་བབ་པའི་ཨ་མ་ཡིས་མཛེས་ཆོས།།
ཉིན་གཅིག་ཚུལ་འཆོས་གཟབ་ལ་རང་དབང་ཞིག་མེད་པར།།
ཡོད་ཚད་ལང་ཚོའི་རང་མདང་ངས་ཕྱོགས་ལ་གཏོང་བའི།།
རྒས་པའི་བགྲང་བྱ་བབ་པའི་ཨ་མ་ཁྱོད་ཤ་ཚ།།
གཅེས་སྐྱོང་ཁ་བརྡའི་ཚིག་བཟང་སློབ་གསོ་ཡི་ལམ་ནས།།
མི་ཚེའི་རིན་ཐང་མདུན་ལམ་བསྙེགས་མཁན་གྱི་བུ་ངས།།
ནམ་ཡང་བརྗེད་ཐབས་དཀའ་བའི་དྲིན་ལྡན་གྱི་མ་ལོ།
ན་ཚོད་གཞན་དུ་མི་འགྱུར་རང་དབང་ཞིག་མི་འདུག།
ཨ་མ་ཁྱོད་ལ་ཕན་པའི་དཔལ་འབྱོར་གྱི་དངུལ་ལོ།།
ད་ལན་གྲྭ་ཆུང་ང་ལ་སྤྲད་རྒྱུ་ཞིག་མེད་ཀྱང་།།
ང་ཡི་མི་ཚེ་ཡོངས་རྫོགས་སློབ་གླིང་དུ་བསྐྱོད་པའི།།
ལག་རྟགས་རབས་འབྱམས་མཚན་གྱི་གསེར་རྟགས་ཞིག་ཁྱེར་ཡོང་།།
ཁ་པར་རེ་རེ་གཏོང་བའི་འབོད་བསྐུལ་གྱི་སློབ་གསོས།།
མིག་ཆུ་རྐང་ཡ་གཅིག་གིས་གྲང་ཁོག་དེ་བརླན་པ།།
ད་ལན་ཐེངས་གཅིག་མིན་པ་དུས་རྟག་ཏུ་བརླན་བརླན།།
ང་ཡི་ཡ་ཆུང་དཀྱིལ་དུ་ཨ་མ་ཁྱོད་མི་བརྗེད།།
༢༠༡༣-༤-༡༣ བསོད་ནམས་བློ་གྲོས་ནས་བྲིས།།