ཁ་པར་གྱི་སྐྱོན་དང་དགེ །
སྐྱོན་བརྗོད།
ཁ་པར་ནི་སྤྲུལ་སྐུ་འགའི་དག་ཞིང་།
ཁ་པར་ནི་དཔོན་པོ་འགའི་ལྟག་སྒོ།
ཁ་པར་ནི་ཚོང་པ་འགའི་ཚོང་ཉེས།
ཁ་པར་ཆང་འཐུང་འགའི་ཆང་གཟི།
ཁ་པར་ནི་ཇ་འཐུང་འགའི་ཇ་རྒྱག
ཁ་པར་ནི་དྲང་བདེན་གྱི་བཀག་རྡོ།
ཁ་པར་ནི་དུག་ལྔ་ཡི་སྡོང་པོ།
ཁ་པར་ནི་ཉོན་མོང་གི་ཡལ་ག
ཁ་པར་ནི་མ་རིག་པའི་ཀུན་སློང་།
ཁ་པར་ནི་འཁོར་བ་ཡི་རྩ་བ།
ཁ་པར་ནི་མྱང་འདས་ཀྱི་དགྲ་བོ།
ཁ་པར་ནི་ངན་གཡོ་དང་ལྐོགས་ཇུས།
ཁ་པར་ནི་རྐུན་མ་ཡི་ལམ་སྟོན།
ཁ་པར་ནི་ཇག་པ་གི་ཇུས་གཞི།
ཁ་པར་ནི་དཀྲུག་ཤིང་གི་ཕོ་ཉ།
ཁ་པར་ནི་བསྟན་བཤིག་གི་སྒམ་ཆུང་།
ཁ་པར་ནི་ལེ་ལོ་ཡི་གྲོང་ཁྱེར།
ཁ་པར་ནི་གཏམ་ངན་གྱི་སྒོ་ཆུང་།
ཁ་པར་ནི་བཙུན་པ་འགའི་ཁྱིམ་ཐབས།
ཁ་པར་ནི་བཙུན་མ་འགའི་སྡུག་རོགས།
ཁ་པར་ནི་ཁྱིམ་པ་འགའི་གཏོར་རླགས།
ཁ་པར་ནི་ཕྱུག་པོ་འགའི་སྤྲང་པོ།
ཁ་པར་ནི་སྤྲང་པོ་ལས་དབུལ་པོ།
ཁ་པར་ནི་ནུས་མེད་ཀྱི་སྐད་ཆ།
ཁ་པར་ནི་མཐུན་སྒྲིལ་གྱི་འབར་མདིར།
ཁ་པར་ནི་སྐད་ཅིག་མའི་རྫས་རྒྱོག
ཁ་པར་ནི་དངུལ་ཁུག་གི་ནང་རྐུད།
ཁ་པར་ནི་ནང་དམེ་ཡི་གྲི་མཚོན།
ཁ་པར་ནི་གློ་བུར་གྱི་ཇག་པ།
ཁ་པར་ནི་ཁ་ཕོར་གྱི་ཕུང་རྒན།
ཁ་པར་ནི་འདྲེ་སྲིན་གྱི་སྤྲུལ་པ།
ཁ་པར་ནི་བདུད་སྲིན་གྱི་ཚ་བོ།
དགེ་འདོན།
ཁ་པར་ནི་རྣམ་མཁྱེན་གྱི་ཚ་བོ།
ཁ་པར་ནི་དག་ཞིང་གི་ཕོ་ཉ།
ཁ་པར་ནི་རྟོག་བྲལ་གྱི་མཛོད་ཁང་།
ཁ་པར་ནི་རིས་མེད་ཀྱི་དྲང་པོ།
ཁ་པར་ནི་མན་ངག་གི་བདག་པོ།
ཁ་པར་ནི་གདམ་ངག་གི་ཕྱུག་པོ།
ཁ་པར་ནི་སྙན་ངག་གི་ལྕེ་མདུད།
ཁ་པར་ནི་གླུ་ངག་གི་སྒྲ་བརྒྱ།
ཁ་པར་ནི་མིག་དབང་གི་ལྟད་མོ།
ཁ་པར་ནི་རྣ་དབང་གི་ཟས་མཆོག
ཁ་པར་ནི་ལྕེ་དབང་གི་བདུད་རྩི།
ཁ་པར་ནི་ཡིད་དབང་གི་མགུར་གླུ།
ཁ་པར་ནི་ཐར་པ་ཡི་ལམ་སྣེ།
ཁ་པར་ནི་མྱང་འདས་ཀྱི་གཏན་གཞི།
ཁ་པར་ནི་བདེ་བ་ཡི་གཞི་མ།
ཁ་པར་ནི་རྒྱང་རིང་གི་གྲོགས་པོ།
ཁ་པར་ནི་སྤྲུལ་ལོ་ཚོའི་་ལྟ་བ།
ཁ་པར་ནི་སྤྲུལ་ལོ་ཚོའི་སྤྱོད་པ།
ཁ་པར་ནི་སྤྲུལ་ལོ་ཚོའི་སྒོམ་པ།
ཁ་པར་ནི་སྤྲུལ་ལོ་ཚོའི་དག་ཞིང་།
ཁ་པར་ནི་བརྩེ་བ་ཡི་བང་མཛོད།
ཁ་པར་ནི་ཁྱོད་གཉིས་ཀྱི་ལས་དབང་།
ཁ་པར་ནི་ཕོ་ཕྱུག་པོའི་ཕྱུག་ངོ་།
ཁ་པར་ནི་མོ་མཛངས་མའི་འཛུམ་ངོ།
ཁ་པར་ནི་རྒྱལ་ཡོངས་ཀྱི་བདེ་གནས།
ཁ་པར་ནི་རྒྱལ་ཁམས་ཀྱི་ལྟད་མོ།
ཁ་པར་ནི་ཁམས་བཟང་གི་སྐད་བཟང་།
ཁ་པར་ནི་ལམ་ཁ་ཡི་བདེ་འཇགས།
ཁ་པར་ནི་རླུང་འཁོར་གྱི་ཁ་ལོ།
ཁ་པར་ནི་ས་ཚིགས་ཀྱི་གནས་ཚང་།
ཁ་པར་ནི་དེ་རིང་གི་བདེ་མོ།
ཁ་པར་ནི་སང་ཉིན་གྱི་སྟ་བོན།
ཁ་པར་ནི་གནང་ཉིན་གྱི་ཚན་རྩལ།
ཁ་པར་ནི་མ་འོང་གི་མདུན་ལམ།
ཁ་པར་ནི་ཕྱི་མ་ཡི་ལམ་སྟོན།
ཁ་པར་ནི་མེད་ན་ཐབས་ཆགས།
ཁ་པར་ནི་སྤྱོད་ཤེས་ན་ཀུན་ཤེས།
ཁ་པར་ནི་ཉན་ཤེས་ན་བཀྲ་ཤིས།
ཁ་པར་ནི་གཏོང་ཤེས་ན་དོན་འགྲུབ།
ཁ་པར་ནི་ཡུན་རིང་པོར་བཞུགས་རོགས།
༢༠༡༣ ཟླ་ ༣ ཚེས་ ༣༠ དགོང་མོ་སྐར་མ་ལྔ་བཅུའི་རིང་ལ་ཆ་ཚང་བྲིས། སྟེང་བསོད་བློ་ནས།