ཀི་སྒྲ།སློབ་གསེང་གི་བར་གསེང་དུ་དཀའ་ཚེགས་ཀྱི་ངལ་བ་ལྷུར་བླང་ནས་༼དབྱངས་གསལ་རླབས་སྒྲ་༽ཞེས་པའི་ཚགས་དེབ་གཅིག ༢༠༡༣-༤-༥ ཉིན་འདུས་སྡེའི་ཡོངས་ཀྱི་སྤྱན་ལམ་དུ་འབུལ་རྩིས་ཡོད་པས། རྩོམ་འདི་ནི་ཚགས་དེབ་དེའི་ཐོག་གི་རང་རྩོམ་ཡིན། ༧ ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་། ཡ་རྫོགས་ལྡན་བསུ་བའི་ཕོ་ཉ་ཚོ། གནས་བྲག་དམར་མེ་རི་རྫོང་ཆེན་ནས། དུས་དཔྱིད་ཀྱི་རྒྱལ་མོ་མགྲོན་དུ་བསུ། གནས་ལྔ་རིག་རྒྱ་མཚོའི་གཞུང་ལ་བསྐྱོད། ལྟོས་དང་། བརྗིད་ཆགས་ཆགས་ཀྱི་བླ་སློབ་ནི་མཛོམས། ཁྲ་ཆེམ་ཆེམ་གྱི་དགོན་སྡེ་ནི་བསྐྲུན། དྭངས་གསལ་གསལ་གྱི་ཏིང་འཛིན་ནི་སྒོམ། སྙན་དབྱངས་གསལ་གྱི་ལྕེ་མདུད་དཀྲོལ། ཐོས་འཛིན་གྱི་གསང་རྒྱ་ནི་ཕྱེ། ལས་དབང་གྱི་གཏམ་རྒྱུད་ནི་མཚོལ། སྨྱུག་རྩེ་ཡི་གོམ་ཁ་ནི་བསྒྱུར། ད་དུང་དེ་བས་ཀྱང་ག་ལ་ཚད། སུམ་པ་གླང་གི་གླིང་ཁ་ནས་ལྔ་རིག་གི་མེ་ཏོག་མཉམ་དུ་འཐུ། དབྱངས་གསལ་རླབས་སྒྲའི་སྒྲོམ་གཞི་ཐོག་མཐོ་སྒང་གི་དབྱངས་རྟ་མཉམ་དུ་གྱེར། སྐྱེས་ཆེན་ཞིག་གི་དུས་ཆེན་ཐོག་རྣམ་དཀར་གྱི་སྡོང་གདབ་མཉམ་དུ་འབུལ། བྲག་དམར་མེ་རི་དབུ་རྩེ་རུ་ཀི་བསྭོ་ཡི་ལྷ་རྒྱལ་མཉམ་དུ་འབོད། རིས་སུ་མེད་པའི་བོན་ཕྲུག་ཚོ་ལྔ་རིག་གི་གླིང་ལ་མཉམ་དུ་བསྐྱོད། སློབ་ཕྲུག་ཚོ་ད་ཡིན་གདའ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་ནི་ཕྱེས་གདའ། ལྔ་རིག་གླིང་ལ་སྤེལ་ཤོག ལོ་རྒྱུས་བགྲེས་པོའི་འབེལ་གཏམ་ནི་གླེང་གདའ། ལྔ་རིག་གླིང་ལ་སྒྲོགས་ཤོག མཛེས་པའི་མེས་པོའི་འོད་ཟེར་ནི་འཕྲོས་གདའ། ལྔ་རིག་གླིང་ལ་མཇལ་ཤོག ཁྱུང་ཆེན་རྒྱལ་པོའི་གཤོག་རླབས་ནི་རྐྱོང་གདའ། ལྔ་རིག་གླིང་ལ་འཕུར་ཤོག སྙན་པའི་བོན་གཤེན་བསྭོ་སྒྲ་ནི་སྒྲོགས་གདའ། ལྔ་རིག་གླིང་ལ་གྱེར་ཤོག ཟབ་པའི་བདུད་རྩི་རྒྱ་མཚོ་ནི་འཁྱིལ་གདའ། ལྔ་རིག་གླིང་ལ་འཁྱུགས་ཤོག སྤུ་རྒྱལ་གངས་ཀྱི་རང་མདངས་ནི་ངོམ་གདའ། ལྔ་རིག་གླིང་ལ་བརྒྱན་ཤོག ད་ཡིན་གདའ། མགོ་བོ་ཐུར་དུ་མ་གུག་སློབ་ཕྲུག་ཚོ་ཡར་བལྟ་དང་མར་བལྟ། གསོན་ལུས་གུག་དུ་མ་ཉལ་སློབ་ཕྲུག་ཚོ་གཡས་བལྟ་དང་གཡོན་བལྟ། ལུས་ལ་བསིལ་ལྷང་ལྷང་། ངག་ལ་དབྱངས་སྙན་སྙན། ཡིད་ལ་དགའ་ཡལ་ཡལ། ཞལ་ལ་འཛུམ་མུམ་ལེར་ངང་རྩོམ་ཕྱོགས་ལ་གོམ་ཁ་ཞིག་བསྒྱུར་དང། རྩོམ་གྱི་ཚོར་སྣང་གསོན་པོ་ཞིག་སྨིན་མི་སྲིད་པ་ཞིག་ག་ལ་ཡིན། སློབ་ཕྲུག་ཚོ། ཡ་ཀི་ཡི་དམ་བོན་སྐྱོང་ཀྱི་ཕྱོགས་དང་ཡོངས་འཛིན་སེམས་དཔའ་རྣམས་ཀྱི་གཟིགས་དང་གཟིགས་བཞིན་པའི་སྒང་། མ་ཀི་སེར་སྐྱ་ཁྲི་མ་འབུམ་ཁྲོམ་ཚོགས་ལྟད་མོ་བ་རྣམས་ཀྱི་ཐོས་འཛིན་དབང་པོའི་གསང་རྒྱ་ཧལ་གྱི་ཕྱེས་ནས་སྒུག་དང་སྒུག་བཞིན་པའི་སྒང་ཡིན་པས་ད་ཡིན་གདའ་སློབ་ཕྲུག་ཚོ་ཀི་ཧི་ཧི། སྟེང་བསོད་བློ་ནས།