གཡུང་དྲུང་བོན་གྱི་བུ་ཕྲུག་ཚོ།།།
ཕ་གཤེན་རབ་མེས་པོའི་ལེགས་བཤད་འདི། །
བུ་རྗེས་འཇུག་སུ་ཡིས་འཛིན་ཤེས་ན།།
དེ་གཡུང་དྲུང་བོན་གྱི་བུ་ཕྲུག་ཡིན། །
མ་མ་སྲིང་མཁའ་འགྲོའི་སྡོང་གྲོགས་མཛོད། །
གྲོགས་གཡུང་དྲུང་བོན་གྱི་མགོ་ཟླུམ་ཚོ། །
གཞན་ཆོས་པའི་ཆས་དང་མ་འདྲེས་པའི། །
རང་ཐུན་མིན་སྟོད་འགག་སྔོན་པོ་འདི། །
རང་ལུས་དང་འབྲལ་མེད་གྱོན་རོགས་གྱིས། །
དེ་གཡུང་དྲུང་བོན་གྱི་བརྡ་རྟགས་ཡིན། །
ཕྱི་བསྟན་པ་འཆད་རྩོད་རྩོམ་གསུམ་དང་།
ནང་བསྟན་པ་ཐོས་བསམ་སྒོམ་སྒྲུབ་ཀྱིས། །
དོན་རང་རྒྱུད་གྱོང་པོ་འདུལ་རྒྱུ་དེ། །
ངེད་བོན་པོ་ཚང་གི་རང་གཤིས་ཡིན། །
ཕྱོགས་རིས་མེད་གྲུབ་མཐའ་ལྔ་ཡི་ནང་།
ལུང་རིག་པའི་རྩོད་པ་རྒྱག་མཁན་གྱི། །
འགག་སྔོན་པོ་ཅན་གྱི་རིག་སྨྲ་ཚོ། །
ངེད་བོན་པོ་ཡོངས་ཀྱི་གཅེས་ཕྲུག་དགོས། །
ངའི་ཕ་ཆོས་རྫོགས་པ་ཆེན་པོ་དེ། །
ངའི་ཕ་ས་གངས་དཀར་ཏི་སེའི་མདུན། །
ངེས་དོན་གྱི་སྙིང་པོ་སྒོམ་རྒྱུ་དེ། །
ངེད་བོན་པོ་ཚང་གི་བསོད་ནམས་ཡིན། །
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་༡༣ ཉིན་མོར་ཁྱུང་ནག་བློ་གྲོས་ནས་བྲིས།།།།