སྐྱིད་སྡུག་འདྲེས་མའི་ཚོར་སྣང་སྤྲད་མཁན་དྲིན་ཆེན་མ་རིག་པ་།།
དང་པོ་ཉིད་ནས་ཁྱེད་རང་མེད་ན་ང་ཡིས་ལས་དེ་ག་ལ་ཡོད། །
ལས་དེ་མེད་ན་ང་རང་སྐྱེ་བའི་སྲེད་ལེན་གསོས་གསུམ་ག་ལ་འཛོམ། །
ང་ཡིས་ཁྱེད་རང་རོགས་ལོ་ཁྲིད་ནས་སྲིད་རྩེའི་མན་ཆད་དམྱལ་གདན་ཡན། །
མ་སོང་བསམ་པའི་ས་ཆ་ཞིག་དང་མ་མྱོང་བསམ་པའི་བདེ་སྡུག་མེད། །
ང་ཡིས་ཁྱེད་ལ་བློ་གཏད་བྱས་ནས་ངེད་གཉིས་བག་ཆགས་མ་བསགས་མེད། །
སྐབས་འགར་སྡུག་བསྔལ་བཟོད་སྲན་མེད་པའི་དམྱལ་ཟང་ནང་དུ་ཁྱོད་ཀྱིས་འཕངས། །
སྐབས་འགར་རང་ལུས་སྐྲ་རྩེ་མན་ཆད་བདེ་བའི་ཟིན་པས་ཚོར་སྣང་སྤྲད། །
ཡོད་ཚད་རྣམས་ཀྱི་མིག་ཞག་འཕེན་སའི་བདེ་བའི་ཁང་བུ་ཁྱོད་ཀྱིས་བཟོས། །
ཡོད་ཚད་རྣམས་ཀྱི་འཕྱ་སྨོད་གཏོང་སའི་དྲན་པའི་ཀ་བ་ཁྱོད་ཀྱིས་སློང་།
ཡོད་ཚད་དཀར་དམར་འདུར་རྒྱུག་བྱེད་སའི་ལྟད་མོའི་ཁྲོམ་ར་ཁྱོད་ཀྱིས་བཟོས། །
ཁྱོད་ནི་ཅི་འདྲའི་བཟོ་ལ་མཁས་པ་བཟོ་རྒྱལ་གར་མ་ལི་ཤོ་འདྲ། །
ཕོ་བརྒྱ་སེམས་པ་དབང་མེད་ཤོར་སའི་འཛམ་གླིང་མཛེས་མ་ཁྱོད་ཀྱིས་བསྐྲུན། །
མོ་བརྒྱ་སེམས་པ་དབང་མེད་བཀུག་པའི་དབང་ཆེན་རྒྱལ་པོ་ཁྱོད་ལས་སྐྱེས། །
ཁྱེད་རང་མེད་ན་ཀུན་གཞི་སྟེང་དུ་དགེ་སྡིག་ས་བོན་སུ་ཡིས་བསགས། །
ཁྱེད་རང་མེད་ན་མཐོ་རིས་ལྷ་མིའི་ལུས་རྟེན་བཟང་པོ་སུ་ཡིས་བསྐྲུན། །
ཁྱེད་རང་མེད་ན་སྡུག་བསྔལ་མེད་དུས་བདེ་བ་མཐོང་བ་ག་ལ་ཡོད། །
ཁྱེད་རང་མེད་ན་འཁོར་བ་མེད་དུས་མྱང་འདས་ཡོད་པ་སུ་ཡིས་ཤེས། །
ང་རང་ད་ལྟ་དཔོན་གསས་མདུན་དུ་ཟབ་གདམ་ཐོས་པ་ཁྱོད་ཀྱིས་དྲིན། །
ང་རང་ད་ལྟ་མཐོ་རིས་དང་པོའི་རྟེན་བཟང་རྙེད་པ་ཁྱོད་ཀྱིས་དྲིན། །
ང་རང་ད་ལྟ་འཛམ་གླིང་ཡུལ་གྲུ་ལྟད་མོ་མཐོང་བ་ཁྱོད་ཀྱིས་དྲིན། །
ང་རང་ད་ལྟ་བོན་ལ་སྤྱོད་པའི་བོན་ཕྲུག་ཡིན་པ་ཁྱོད་ཀྱིས་དྲིན། །
མྱང་འདས་བགྲོད་པའི་སེམས་ཅན་ཚོ་ཡིས་བདག་མེད་མཐོང་དུས་ཁྱོད་མི་འཁོ། །
དང་པོ་ཉིད་ནས་གྲོགས་པོ་བསྒྲིགས་ནས་ཁམས་གསུམ་བསྐོར་བའི་རོགས་པ་ཁྲིད། །
ཕྱིས་སུ་བདག་མེད་མངོན་སུམ་མཐོང་དུས་ཁྱོད་ཉིད་གྲོགས་པོ་མི་ལོ་ཟེར། །
ཁྱོད་རང་དང་པོ་གང་ནས་ཡོང་ན་དེ་ཡིས་ལམ་ནས་མར་ལོག་ཟེར། །
གཏམ་ངན་སྨྲས་ནས་སྒོ་ལ་ཕུད་དུས་གྲོགས་པོ་ཁྱོད་རང་སེམས་མ་སྡུག །
སྤྱི་ལོ་༢༠༡༢ ཟླ་ ༡༠ ཚེས་ ༡༢ ཉིན་མོར་ ཁྱུང་ནག་བློ་གྲོས་ནས་བྲིས།།