ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་མཚེར་བ་གཏོང་།།
ཤར་ངག་ནས།
རྒྱ༵ལ་བ༵་སངས་རྒྱས་ལས་དྲིན་ཆེའི། །
བསྟ༵ན་པ་ཕྱོགས་མེད་འཛི༵ན་པས་མགོན། །
རྣལ་འབྱོར་ཆགས་མེད་ཚུལ་ལྡན་པའི། །
བདག་ལ་དྲན་པའི་ཁྱེད་ཕྱག་འཚལ། །
སེམས་ཀྱི་དད་པའི་མེ་ཏོག་སློབ་དཔོན་ཡོངས་འཛིན་ཕྱོགས་ལ་འབུལ་བའི་རྗེས་སུ་རང་གི་་མྱོང་ཚོར་སེམས་ཀྱི་རྨ་ཁ་འདུས་པ་རྒྱ་མཚོའི་མདུན་ལམ་དུ་འབུལ་འདོད་པ་བྱུང་། དེ་ལ་རིགས་ལམ་ཀྱི་རྟ་ཞོན་ནས་རྒྱ་མཚོའི་གླིང་ལ་ནོར་བུ་ལེན་ལ་འགྲོ་བའི་དུས་རབས་གསར་པའི་རིགས་པའི་གཞུང་ལ་སྤྱོད་པའི་མཚན་ཉིད་པ་ཐམས་ཅད་ལ་ཕུལ་བ་ཡིན། གང་ཡིན་ཅེ་ན། སྔ་རོལ་མཁས་པ་བླ་ཆེན་དྲན་པ་ནམ་མཁའ་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་རྒྱལ་བ་མཉམ་མེད་ཆེན་པོ་མཁན་ཆེན་ཉི་མ་བསྟན་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་སོགས་ཀྱིས་འཆད་ཉན་རྩོད་པའི་དུས་སུ་ཕ་རོལ་པོའི་མ་རྟོགས་པ་དང་ལོག་རྟོག་ཐམས་ཅད་གསལ་བ་དམིགས་པ་གཙོ་བོ་བཟུང་ནས་ལུས་ཀྱི་རྣམ་འགྱུར་དང་ངག་གི་ཐལ་བར་དང་ཞལ་གྱི་འཛུབ་མདངས་སོགས་ཕ་རོལ་བོ་ཡིད་སེམས་དྭངས་བ་འདྲེན་པ་ལྟ་བུ་ལུས་ཉམས་ལྡན་པའི་སྒོ་ནས་ལུང་དང་རིགས་པའི་སྟེང་ནས་རྩོད་པ་བྱེད་ཡོད་པ་ནི་བསྙོམ་མེད་ཡིན། གང་ཡིན་ཞེ་ན། ཚད་མ་རྣམ་འབྱེད་གཞུང་ལས། ཐལ་འགྱུར་ལན་ནི་རྣམ་པ་གསུམ། ལན་གྱིས་བཟློག་པར་མ་ནུས་ན། སྨོད་དང་ཁོང་འཁྲོ་བྱེད་པ་བླུན། ཞེས་དང་། བསྡུས་གཞུང་ལས། རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་། གཞན་རྣམས་ཕམ་པ་འདོད་པའི་ཞེ་སྡང་དང་། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་དེ་རྩོད་པའི་བསམ་པ་དུག་ཅན་གསུམ་དང་། དེ་ལ་བརྟེན་ནས་ཕྱིའི་ཚུལ་ལའང་། བཞིན་གྱི་མདོག་འགྱུར་བ་དང་མཚལ་རྐོང་ཁ་ཕྱེ་བ་ལྟ་བུ་དང་། ཧམས་ཁྱེར་དང་ཚིག་ངན་སྣ་ཚོགས་བརྗོད་པ་དགྲ་བོ་ཉེ་བར་བཏུལ་བ་ལྟ་བུ་དང་། ཞེས་དང་། བླ་ཆེན་དྲན་པས་མཛད་པའི་ཚད་མ་གལ་མདོ་ངེས་པའི་གཏན་ཚིག་ལས། རྩོད་ངན་སྡང་བས་ཕ་རོལ་སྨོད། །རང་རྒྱལ་འདོད་ལ་ཆགས་ཞེན་ཅིང་། །བག་མེད་གཟུ་ལུམ་འགལ་བར་སྨྲ། །ཞེས་དང་། དེ་ཉིད་ལས། ཐལ་བརྡབ་ཚིག་ངན་བརླང་པོ་ཡིས། །ངན་སོང་གནས་སུ་གཞན་འདེབས་བྱེད། །གསུངས་ལ་ལུང་ཚིག་དེ་དག་ལ་ལྟོས་ན་མཁས་གྲུབ་གོང་མ་དེ་ཚོགས་ཀྱིས་རྩོད་པ་བྱེད་པའི་དུས་སུ་ལུས་ཀྱི་རྣམ་འགྱུར་དང་ངག་གི་གསུང་སྒྲོགས་དང་ཞལ་རས་འཛུབ་མདངས་སོགས་ཟུར་ཙམ་རྟོགས་ནུས་སོ། །ང་ཚོ་བློ་གསར་མཚན་ཉིད་པ་ཐམས་ཅད་དེ་དག་གི་རྗེས་སུ་འབྲེང་བ་དང་། དེ་དག་གི་སྤྱོད་པ་ལ་མོས་ནས་དེ་ལྟར་བཞིན་དུ་འཛིན་དགོས་པ་ནི་བཤད་མ་དགོས། ཡིན་ན་ཡང་། མཁས་གྲུབ་གོང་མ་དེ་དག་གི་སྤྱོད་པ་ཚུལ་བཞིན་དུ་མ་ལྡན་ཀྱང་། ཕྱོགས་རེ་ཙམ་འོ་ཅག་ཚོ་ལ་ལྡན་དགོས་པ་སྨྲ་ཅི་དགོས། དེ་དུས། ཁོ་བོས་མཐོང་སྣང་ལ་ད་ལྟ་རྩོད་པ་བྱེད་མཁན་འཛིན་གྲྭ་རྒན་གཞོན་བར་གསུམ་ན་གནས་པའི་སློབ་གྲོགས་ཚོ་ཡིས་གོང་གི་མཁས་གྲུབ་རྣམས་ཀྱིས་ལུས་ངག་གི་སྤྱོད་པ་ཕྱོགས་རེ་ཙམ་ལྡན་པའི་སྒོ་ནས་རྩོད་པ་བྱེད་མཁན་ནི་ངས་མ་མཐོང་། མི་མཐོང་བའི་དོན་ནི། ཁོ་བོ་མིག་སྐྱོན་དང་གྲོགས་ཀྱི་ལས་སྐྱོན་གང་རུང་ཡིན་པ་ནི་བཤད་ཅི་དགོས། དེའི་ན། ད་ལྟ་བདག་དང་བདག་གི་མཆེད་གྲོགས་རྣམས་ཀྱིས་རྩོད་པ་བྱེད་པའི་དུས་སུ། རང་གི་ཞེན་ཚུལ་མི་མཐུན་པར་དང་། རང་གི་སྨྲ་བ་ཕ་རོལ་པོའི་ཁས་མ་ལེན་ན། ལུང་རིགས་གིས་རྒྱབ་བརྟེན་ཡོད་ན་ཨ་ཅམ་ཅམ། མེད་ན་ཡང་། རྩོད་པ་པོ་ཞལ་དམར་མེ་རི་འཚུབ་བཞིན་དུ་ངག་ཁྲོ་པ་དང་། ལུས་ཀྱི་རྣམ་འགྱུར་ཀྱང་བསྟན་དགྲ་འདི་ནས་བསྒྲལ་འདུག་སྙམས་པའི་རྣམ་པ་ཡི་སྒོ་ནས་རྩོད་པ་བྱེད་མཁན་ནི་མི་ཉུང་བ་ཞིག་ཡིན། ཡིན་ན། རང་གཞན་ཀུན་གྱིས་ལུང་རིགས་དང་མཐུན་པའི་སྒོ་ནས་ལན་དོན་མཐུན་ཡོད་པ་ནི་ཧ་ཅང་དཀའ་མོ་ཡིན། རང་གཞན་ཐམས་ཅད་འཁོར་བར་འཁོར་བའི་སེམས་ཅན་ཡིན་ནོ། །ཡིན་ན་ཡང་། རང་གི་བསམ་ཚུལ་དང་མི་མཐུན་པ་ཞིག་ཡོད་ན། འཁོར་གསུམ་ཟེར་བ་དང་ཁོང་འཁྲོ་སློང་བ་སོགས་ནི་ཧ་ཅང་མི་རུང་བ་དང་མི་དགེ་བའི་ལས་ཡིན་པ་ནི་བསྙོམ་མེད་ཡིན། གང་ཡིན་ཟེར་ན། བླ་ཆེན་གྱི་ཞལ་ནས། ཐལ་བརྡོབ་ཚིག་ངན་བརླང་པོ་ཡིས། །ངན་སོང་གནས་སུ་གཞན་འདེབས་བྱེད། ཞེས་དང་། རྨེའུ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་ལས། བླ་མ་ཆེན་པོ་﹙རྨེའུ་དཔལ་ཆེན﹚སྙུང་གཞི་ཡང་ཆེ་བར་བྱུང་། ཁམས་ཆེན་དང་མདོ་རྣམས་གཤར་དུ་བྲིས་ཚར་རྗེས་ལ་ཕྱག་འཛུབ་རྣམས་ཆད། ཕྱག་འཛུབ་ཆད་པ་རྣམས་རིང་སྲེལ་དུ་སོང་། དེ་ནས་བླ་མའི་ཞལ་ནས། ཡང་ན་མཛེ་འོང་བ་འདི་བཞག་ན། ཡང་ན་རིང་སྲེལ་འོང་བ་འདི་བཞག་ན་འོང་བ་འདུག་གསུངས། དེ་དུས་གཤེན་གསུང་ཆེན་གྱིས་ཞུས་པ། སྙུང་གཞི་འདི་སྔོན་ལས་འཕྲལ་རྐྱེན་ཅི་ལྟ་བུ་ལགས་ཞུས་པས། བླ་མའི་ཞལ་ནས། འདི་སྔོན་ལས་འཕྲལ་རྐྱེན་གཉིས་ཀ་འདུག་གསུངས། སྔོན་རྒྱ་གར་དུ་སྐྱེ་བ་བླངས་བའི་དུས། བདག་རྒྱ་གར་གྱི་མེན་ཏྲ་པ་ལ་ཟེར་བའི་བླ་མ་ཞིག་ཡིན་པ་ལ། སློབ་བུ་རྣམས་ཚོགས་འཁོར་བསྐོར་བའི་དུས། ཚོགས་ཀྱི་སྤྱངས་སྤེལ་མ་བྱས་པར་ལྷ་ལ་འབུལ། དེ་དུས་ཚོགས་ལ་མངན་སེམས་མང་པོ་ཤོར་བའི་རྣམ་སྨིན་དང་། འཕྲལ་རྐྱེན་ལ་གཡས་རུ་བྲུ་ན་རེ་འཁོར་བ་ལ་ཐོག་མ་ཡོད་ཅེས་པ་ལ། བདག་གིས་ཐོག་མ་མེད་པའི་སྒྲུབ་བྱེད་དང་། ཐོག་ཡོད་འགལ་བ་མང་པོ་བྱས་པས། བྲུ་བླ་མ་ཡིན་པས་མ་མཉེས་པར། རྨེའུ་དམ་ཉམས་ཟེར་ནས་དམོད་མོ་ངན་པ་བྱས་པ་ཡིན་གསུངས། ཞེས་གསུངས་པས། རྨེའུ་དཔལ་ཆེན་པོ་ནི་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྤྲུལ་བ་མངོན་སུམ་བྱུང་བ་ལྟ་བུ་ལ་དེ་ལྟར་རྣམ་སྨིན་བྱུང་བ་ཡོད་པའི། སོ་སྐྱེ་ཐ་མ་བ་འོ་ཅག་ལྟར་བུ་ལ་ཚིག་ངན་དང་ང་རྒྱལ་གྱིས་མི་སེམས་མཚེར་བ་གཏོང་བས་ལས་ཀྱི་རྣམ་སྨིན་ཅི་ལ་མེད། གོང་གི་བྲུ་བླ་མ་དང་། དཔལ་ཆེན་གཉིས་ཀས་བདེན་པའི་དོན་རེ་རེ་བཟུང་ནས་ཁས་ལེན་ཡིན་པ་ནི་སུས་མ་ཡིན་པ་སྨྲ་ནུས། ལུང་དང་རིགས་པ་ཅི་འགལ་ན་ཡང་། ཚིག་ངན་དང་ང་རྒྱལ་དང་ཁོང་འཁྲོ་ཡིས་གཞན་གྱིས་ཁེས་ལེན་མ་ཡིན་པ་སྒྲུབ་ལུགས་ནི་བླུན་པོའི་ལས་སྤྱོད་ངོ་མ་ཡིན། འདི་ནི་ང་རང་གིས་ཁས་ལེན་དོན་དང་མཐུན་པ་ཞིག་ལེན་མ་ནུས་པའི་དབང་གིས་བདག་གི་སློབ་གྲོགས་འགས་བདག་ལ་ཚིག་ངན་དང་མཚང་འབྲུ་སོགས་སྨྲ་བས་ཁོ་བོ་སེམས་རྨ་ཁ་བཏོང་པའི་དབང་གིས་མལ་ས་གྲུ་བཞི་ནས་སེམས་སྐྱོ་བའི་དྲན་འཆར་འདི་བྲིས་པར་ཡིན། འདི་ནི་འཁོར་ཡུག་འདི་ནས་བདག་གི་གྲོགས་པོ་ཚོ་མཐོང་བ་སྲིད་པའི་སེམས་ལ་འགྱུར་ལྡོག་ཞིག་ཤར་བ་བྱུང་ན། དེ་ནི་རྩོམ་ཐུང་འདིའི་ལས་སྐལ་ཡིན། ༢༠༡༢/༩/༡༡/ ཉིན་ ཤར་ངག་དབང་གིས་བྲིས།།།།