དྲན་བྱུང་།
རྨད་བྱུང་ཡིད་འོང་མཛེས་པའི་ཐང་ཆེན་གྱི་སྟེང་དུ།
སྤྲིན་སྔོན་མདངས་སུ་རུང་བའི་ངུར་སྨྲིག་གི་སྤུད་པའི། བཅུ་རིག་སྨྲ་བའི་རྒན་སློབ་འདུ་འཛོམས་ཀྱི་ངང་ནས།
འབྲས་བཟང་ལོ་ཏོག་བཞེས་པའི་དུས་བཟང་ཞིག་དྲན་བྱུང་།
བརྟགས་དཔྱད་གསེར་ཕྱེའི་གཞུང་ལུགས་ཟབ་མོ་ཡི་གནད་ལ།
འཆད་རྩོད་བྱེད་པའི་སྐལ་བཟང་རང་ཉིད་ལ་ཤར་ནས།
མཆེད་གྲོགས་ལོ་ཆུང་ལྷན་དུ་འཆད་རྭ་རུ་འགྲིམས་སྐབས།
སྟོད་འགག་སྔོན་པོ་གསེང་ནས་རྟགས་གསལ་ཞིག་དྲན་བྱུང་།
ཚུལ་དང་མཐུན་པའི་འདུས་སྡེ་རྒྱ་མཚོ་ཡི་དཀྱིལ་ན།
འདབ་རྒྱ་བཞད་པའི་མདོ་སྔགས་སེམས་གསུམ་གྱི་བདུད་རྩི།
ངོམ་མེད་བརྩོན་པའི་ཐུགས་སེམས་རིང་པོ་ཞིག་དགོས་པ།
ཐེངས་གཅིག་ཐེངས་གཉིས་མིན་པ་དུས་རྟག་ཏུ་དྲན་བྱུང་།
སྔོ་ལྗང་སྡུམ་ར་ནང་གིས་ལྗོན་ཤིང་གི་རྩེ་ནས།
དཔྱིད་དཔལ་མགྲོན་དུ་བསུ་བའི་ཁུ་བྱུག་གི་བུ་མོས།
གངས་དཀར་སེམས་ལ་སྙན་པས་གསུང་སྐད་ཞིག་གསིང་དུས།
རིག་ལམ་གློག་ཞག་འཁྱུག་པའི་རྩོད་གྲོགས་རྣམས་དྲན་བྱུང་།
ཁྱུང་གི་ཟླ་བ་འགའ་ཞིག་ནུབ་ཕྱོགས་ལ་གཟིམ་ཟིན།
མགོན་མེད་དྭ་ཕྲུག་ངེད་ཚོས་རེ་སྒུགས་ཞིག་བྱེད་ན།
གངས་དཀར་འཕྲེང་མཛེས་བཤམ་པའི་ཤར་རི་ཡི་རྩེ་ནས།
ད་དུང་ངེད་ཚོའི་མགོན་དུ་འཆར་ཐེངས་གཅིག་དྲན་བྱུང་།
སྐབས་འགར་མི་རྟག་ཚུལ་དང་བསྟན་པ་ཞིག་ཡིན་ན་དྲན་བྱུང་།
སྐབས་འགར་མི་རྟག་ཟེར་བ་འདི་འདྲ་ཞིག་ཡིན་ན་དྲན་བྱུང་
སྐབས་འགར་ད་ལོའི་ལོ་འདི་ངན་ལོ་ཞིག་ཡིན་ན་དྲན་བྱུང་།
གྱ་གྱུ་རྣམ་རྟོག་ཟེར་བ་འདི་འདྲ་ཞིག་ཡིན་ན་དྲན་བྱུང་།
སྤྱི་ལོ་༢༠༡༢ ཟླ་༦ ཚེས་ ༢༢ ཉིན་མོར་རྫོང་ནས་ཡར་འབྱོར་རྗེས་ཤར་མར་དུ་བསོད་ནམས་བློ་གྲོས་གིས་བྲིས།།