རྟ་རྒྱུག་ཐང་གི་ལྟད་མོ། །
༄༅་། ཀ་ལི་གཉེར་མའི་མ་གང་བར་དུ་ཞིང་ས་བཟུང་བའི་ཞིང་བདག་ཚོ། །
ཁ་ཕོར་ཙམ་གྱི་ཆེད་དུ་མིན་པར་གནའ་བོ་ཡོད་པའི་གྱི་ལིང་བརྩལ། །
ག་དུས་ཡིན་ཡང་གོམ་འགྲོས་ཡོད་ཚད་རྟ་རྒྱུག་ཐང་ལ་གློད་དགོས་པ། ། །
ང་དང་ཁྱོད་གཉིས་ཟེར་བ་མེད་པར་ཞིང་བདག་ཚོ་ཡིས་འགན་ཁྲི་ཡིན། །
ཅ་སྐྱོགས་མེད་པར་མདའ་ལྟར་དྲང་བའི་སྟེང་ཆེན་རྟ་ཡི་གོམ་སྟབས་ལ། །
ཆ་ཆོ་མེད་པའི་གོམ་འགྲོས་མ་བསླད་ཉམས་འགྱུར་ལྡན་པའི་གོམ་འགྲོས་ཕྱུགས། །
ཇ་ཚེ་ཙམ་ལ་ཨ་གསར་མིན་པས་ཡུན་རིང་བསྐོར་ཀྱང་ཉམས་པ་མེད། །
ཉ་གང་ཟླ་བཞིན་འགྲོས་ཀྱི་ཕྱུགས་པའི་རྗེས་ལུས་སེམས་ལ་འཁོར་མི་སྲིད། །
རྟ་ལུད་རིམ་པ་བཞིན་དུ་འཐུ་བས་རྟེལ་ཆུང་གཞན་རྣམས་སྐྱོ་བ་ལ། །
ཐ་ཤལ་མི་ཡི་ཐལ་མོ་བརྡབ་པའི་གོམ་འགྲོས་གསེང་དུ་ག་ལ་ཚུད །
ད་་ནས་བཟུང་ཏེ་རྗེས་ལུས་མུན་པ་ལོ་འཁོར་གཅིག་ལ་སེལ་མ་ཐོབ། །
ན་གཞོན་འགའ་ཡི་སྣང་བ་མཐོ་དྲག་སྟེང་ཆེན་རྟ་ཡི་རྗེས་བསྙེགས་བསམ། །
པ་ཕའི་ཞལ་ཏྭ་རྒྱབ་ཏུ་གཡུག་ཀྱང་རྗེས་བསྙེག་རི་བོང་རྭ་ཡི་སྤུན། །
ཕ་མེས་དམ་པའི་གྱི་ལིང་རྟ་ཡི་རྔུལ་ཆུ་སྟེང་ཆེན་རྟ་ལ་བརྩོལ། །
བ་གླང་ལྟ་བུའི་གླེན་ལྐུགས་མིན་པར་རང་གཞན་བར་གྱི་ལ་རྒྱ་ཡོད། །
མ་འོང་ཁྱོད་ཀྱིས་རང་འབྲོག་གྲོང་ལ་བྱ་དགའི་མགྱོགས་དར་སྦྲེངས་བར་སྨོན།།
ཙ་ཀྲའི་དབྱིབས་ཅན་རྟ་རྒྱུག་ཐང་ལ་སྟེང་ཆེན་རྟ་ཡིས་གོམ་སྟབས་བཤམ། །
ཚ་གྲང་དཀའ་སྡུག་རྒྱབ་ཏུ་དབྱུགས་ནས་མདུན་བསྐྱོད་གོམ་ཁ་ཡོད་ཚད་གློད། །
ཛ་དྲག་ཆེ་བའི་འགྲན་བརྩོད་རྒོད་པའི་གནམ་ལོ་གསར་པའི་ཚེས་བཞི་ཉིན། །
ཝ་ལེར་མཐོང་བའི་གོམ་ཐེངས་རེ་རེའི་མི་སེར་བརྒྱ་ཡི་ཡིད་སེམས་བཀུག། །
ཞ་ར་མིན་པའི་འོན་པ་རྣམས་ལ་དངོས་ཤུགས་བརྒྱུད་ནས་ལྟད་མོ་བཤམ། །
ཟ་འདོད་ཆེ་བས་རྟ་བདག་གཞན་རྣམས་ཟ་ཁ་ཆེན་པོ་ལྡང་མ་ལྡང་ །
འ་འུར་ཁྲོམ་པའི་གསེང་དུ་མངག་དུས་བྱས་རྗེས་མེད་ན་སྟོང་རྒྱུག་རེད ། །
ཡ་མཚན་ཚན་རྩལ་བཟོས་པ་མིན་པའི་རིན་ཐང་ལྡན་པའི་གྱི་ལིང་ཁྱོད། །
ར་བ་གངས་རིའི་གསར་སྐྱེས་ཚོ་ལ་ཕ་མེས་དམ་པའི་སྐལ་བཞག་ཡིན ། །
ལ་རྒྱའི་བུ་ཡི་ལུང་ཆེན་བརྒལ་བའི་དུས་རབ་གསར་པའི་སྦག་རྟ་ཡིན། །
ཤ་རུས་གཅིག་པའི་སྤུན་ཟླ་དེ་ཚོ་སྔོན་ཐོན་ཚུད་པའི་བརྡ་རྟགས་ཡིན། །
ས་གཞི་འདིའི་སྟེང་རྟ་ལུས་ཐོབ་པས་དོན་གོ་ཆོད་པ་ཁྱོད་ཀྱིས་མཚོན། །
ཧ་ལམ་བོད་མི་ས་ཡ་དྲུག་གི་མགྱོགས་དར་ཁྱོད་ཀྱི་ཕྱོགས་ལ་འབུལ། །
ཨ་རྫིད་ཅང་ཤེས་ཁྱོད་འདྲ་ཡོད་ན་ངེད་ཚོས་ཁ་གཡང་ཅི་མི་འབུལ། །
སྤྱི་ལོ་༢༠༡༢ཟླ་༦ཚེས་༦ཉིན་སྲོ་ལོ་དཀར་པོ་ནས་བྲིས། །