༄༅།།མདོ་སྨད་ཤེས་རབ་མཐར་ཕྱིན་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དགུང་སྟོན་དུ་ཕུལ་བའི་མི་ཕྱེད་དད་པའི་དར་དཀར།
གང་སྐུ་མཚན་དཔེའི་ཨུད་དཔལ་དམར་པོ་མདོ་སྨད་དུང་རིའི་ཉེ་འདབ་བཞད།
གང་གསུང་ཚངས་དབྱང་ཡན་ལག་དྲུག་བཅུ་མདོ་གམ་སྒང་དྲུག་ཡུལ་དུ་གྲགས།
རིག་པའི་གནས་ལ་ཤེས་རབ་དབང་ཕྱུག་བསླབ་གསུམ་མཐར་ཕྱིན་རང་རྒྱུད་དུལ།
གང་གི་ཕྱོགས་ལ་ཐོག་པ་མེད་པའི་མདོ་སྨད་ཤེས་རབ་མཐར་ཕྱིན་བསྟོད།
ཐོས་པ་འཁྲུལ་མེད་བཤེས་གཉེན་འདུན་ནས་རྟགས་གསལ་དུ་མས་བང་རྩལ་ངོམ།
བསམ་པ་ལྷད་མེད་དྲང་བདེན་དཔང་པོའི་མཚན་གཞི་ཁྱེད་ལས་ལྷག་ཞིག་དཀོན།
སྒོམ་པ་ཡེངས་མེད་དུས་དྲུག་རྟག་ཏུ་དོན་དམ་རྒྱལ་པོ་ལྷང་ངེར་མཐོང།
ཐོས་བསམ་སྒོམ་ལ་འདའ་བ་མེད་པའི་བསླབ་གསུམ་བསྟན་པ་རྒྱུད་ལ་མངའ།
་
འཆད་པ་དཔོན་པོའི་རྫིགས་ཉམས་མ་ཁུར་ཐུགས་བརྩེའི་ཟིན་པས་བུ་སློབ་སྐྱོངས།
རྩོད་པ་རྟགས་གསལ་མེ་ལྕེས་རྣོ་བས་ཕ་རོལ་ལོག་རྟོག་བྲག་རི་གཞོམ།
རྩོམ་པའི་བརྡ་དག་མངོན་བརྗོད་ཁོང་ཆུད་སྙན་ངག་པ་ཡི་གྲལ་མགོར་སླེབས།
འཆད་རྩོད་རྩོམ་མཁས་སྨྲ་དབང་ཁྱེད་ལ་ལུས་སེམས་དད་པའི་ཐལ་མོ་སྦྱར།
ཕྱི་ཚུལ་ན་བཟའ་རྫིགས་ཉམས་མ་བསམ་རྣལ་འབྱོར་དཀྱུས་མའི་ཟླ་བོར་གྱུར།
ནང་ཁྲིམས་བསླབ་གསུམ་རང་མདངས་མ་ཉམས་དུག་གསུམ་སྨག་གི་དགྲ་བོ་བཅོམ་།
གསང་བ་མ་རྒྱུད་ཨ་དཀར་སོགས་ལ་བསམ་མི་ཁྱབ་པའི་མཁྱེན་རྩལ་རྫོགས།
ཕྱི་ནང་གསང་གསུམ་སྤྱོད་ལམ་རེ་རེའི་ཚུལ་ཁྲིམས་དྲི་བསུང་ཐུལ་ལེར་བཞུགས།
ཐོབ་དང་མིང་གི་གོ་ས་མ་བསམ་བྱམས་དང་སྙིང་རྗེའི་གོ་ས་བཟུང།
དབྱུགས་པའི་རྒྱལ་ཁ་རྒྱབ་ཏུ་བསྐྱུར་ནས་ལུང་དང་རིག་པའི་རྒྱལ་ཁ་བཟུང་།
མ་གྱུར་ཡོངས་ལ་བྱམས་བརྩེ་ཕྱོགས་མེད་རྟ་བདུན་དབང་པོའི་ཟླ་བོར་གྱུར་།
བཀའ་དམ་གཉེར་གཏད་དམ་ཅན་རྒྱ་མཚོའི་གཡེང་བ་མེད་པར་སྡོང་གྲོགས་མཛོད་།
ཆོལ་གསུམ་མདོ་སྨད་དབུས་ན་བཀྲ་བའི་རྨད་བྱུང་སྐྱང་ཚང་དགོན་ཆེན་དུ།
བསྟན་པའི་དོན་ལ་ཐུགས་བསྐྱེད་ཡང་པའི་ལུང་རྟོགས་བསྟན་པའི་ཉི་མ་དང་།
ལྷན་དུ་བཞུགས་ནས་གཞུང་ཆེན་ལྔ་ལ་ཐོས་བསམ་སྒོམ་པའི་རང་རྒྱུད་སྦྱང་།
བགྲང་བྱ་ལོ་ངོ་བཅུ་ཕྲག་རིང་ལ་འཆད་རྩོད་བོན་འཁོར་མཉམ་དུ་བསྐོར་།
ཕྱི་ནང་གསང་གསུམ་རིག་གནས་དང་བཅས་སྐྱང་དགོན་གླིང་དུ་འགྲན་ཟླ་བྲལ་།
མཁན་སློབས་ཐུགས་བསྐྱེད་གཅིག་སྦྲེལ་འོག་ཏུ་སྨྲ་བའི་བཤེས་གཉེན་མཉམ་དུ་བཞེངས་།
རྒྱལ་བ་གཉིས་པའི་རྣམ་སྤྲུལ་ཕེབས་པའི་སྐྱང་དགོན་ལྷ་སྡེ་དགའ་སྟོན་རྒྱས་།
དབྱར་སྐྱེས་དར་མའི་ཟླ་བོར་གྱུར་ནས་སྙན་གྲགས་མདོ་སྨད་ཕྱོགས་ན་འུར་།
དུས་རབ་གསར་པའི་རྐྱེན་ངན་ཡོལ་ནས་དགའ་དགོན་ཁྲི་འཛིན་ཅོད་པན་འཆང་།
ལོག་པར་སྨྲ་བའི་སྐྱེ་བོ་མང་པོ་དགེ་བཅུ་སྤྱོད་པའི་སྐལ་ལྡན་བསྒྱུར།
དེ་ནས་བཟུང་ནས་ད་ལྟའི་བར་དུ་དགུང་གྲངས་བཅུ་ཕྲག་བརྒྱད་བཅུ་བར།
ངལ་བ་མ་འཛོམས་ཆེད་དུ་གཉེར་ནས་བསྟན་པའི་བྱ་བ་འབའ་ཞིག་བསྒྲུབས་།
ཁྱེད་ཞལ་དངོས་སུ་འཇལ་མྱོང་མེད་ཀྱང་གྲོགས་འགའི་བཀའ་དེ་མ་བཅག་ཙམ་།
དཔོན་གསས་ཁྱེད་ཀྱི་དགུང་སྟོན་ཐོག་ཏུ་དགའ་སྐྱོ་འདྲེས་མའི་ཡིག་ཆུང་ཞིག་།
མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་མཚོན་ཙམ་ཞིག་སྨྱུག་གིས་ཤོར་།
ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུན་མིན་སྨོན་ལམ་འགྲུབ་པར་ཤོག་།
སྤྱི་ལོ་༢༠༡༢ ཟླ་ ༡ ཚེས་ ༡༩ ཉིན་མོར་སྟེང་དགོན་རང་ཤག་བློ་འབུར་ཁང་དུ་བྲིས་།།