འཛིན་རྣམ་སྣང་ཚུལ་སྐོར་ལ་དཔྱད་པ།
མཁར་དཔའ་བསོད་ནམས་བློ་གྲོས།
ལེགས་པའི་ཡོན་ཏན་སྤངས་པ་ཕུན་ཚོགས་དཔལ་མངའ་བ། །
ལེགས་པའི་ཚད་མེད་འོད་སྟོང་འབར་བའི་བདག་ཉིད་ཅན། །
ལེགས་པའི་བསྐལ་པ་ཚེ་ལོ་བརྒྱ་པའི་མགོན་པོ་མཆོག །
ལེགས་པའི་སྲས་པོ་གཤེན་རབ་མི་བོ་ལན་བརྒྱར་བསྟོད། །
གྱེར་མི་ཚོ་ལ་རྒྱལ་གཤེན་བསྟན་པའི་ཀ་ཆེན་བཞེངས། །
མཛད་ཕྲིན་ཐམས་ཅད་བསླབ་པ་གསུམ་གྱི་བཅའ་གཞི་མཛད། །
ཏིང་འཛིན་རྣམ་གསུམ་ལྟ་བའི་ཕྱོགས་ལ་བཀྱོན་མཁས་པ། །
ཀུན་ཕན་ལུང་རྟོགས་བསྟན་པའི་ཉི་མ་རྟག་ཏུ་འཆར། །
རིག་པའི་རྒྱལ་པོ་མདོ་སྡེ་གནས་ལུགས་རྫོགས་པ་ཆེ། །
རིག་བརྒྱའི་འབྱུང་གནས་གཤེན་བསྟན་སྤེལ་བའི་དགོང་རྩལ་རྫོགས། །
རིག་གནས་ཀུན་གྱི་གཏིང་མཐའ་ལོན་པའི་རབ་འབྱམས་པ། །
རིག་པའི་དབང་པོ་བསྟན་འཛིན་རྣམ་དག་རྟག་བརྟན་ཤོག །
མཆོད་བརྗོད་མེ་ཏོག་ཕྲེང་བའི་མདུན་བསུས་ནས། རྗེ་རིན་པོ་ཆེའི་གསུང་ལས་། རང་མཚན་ཐུན་མོང་མ་ཡིན་པའི།། རྣམ་པ་སྣང་རུང་སྣང་ཚུལ་དང་། མཐུན་པར་དོན་བྱེད་ནུས་པ་སྟེ།། ཞེས་པའི་སྐབས་སུ་རང་འཛིན་ཤེས་པ་ལ་ཐུན་མོང་མ་ཡིན་པའི་རྣམ་པ་སྣང་དུ་རུང་བ་དང་།
འཛིན་པ་ལ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་གཉིས་ཀྱི་ཁྱད་པར་གང་འདྲ་འབྱེད།
ཁ་གཅིག་གིས་འཛིན་པ་ལ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་ཞེས་པའི་འཛིན་པ་དེ་
ནི་བློ་རྟོག་པ་ལ་གོ བློ་རྟོག་པའི་ངོ་ལ་ཡུལ་དེ་ཡི་ཐུན་མོང་མ་ཡིན་པའི་རང་མཚན་གྱི་
རྣམ་པ་དངོས་སུ་མ་སྣང་བར་རྟོག་ངོ་ལ་ཞེན་ཡུལ་དེ་དང་ཆ་འདྲ་བ་ཙམ་སྣང་བའི་ཆ་
ནས། ཁྱོད་འཛིན་པ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་བཞག་སྲོལ་འདུག དེ་ལྟར་བཞག་ན་དངོས་པོ་ཕལ་ཆེར་དེ་ལྟར་ཐལ་འགྲོ་བའི་ཕྱིར། དེ་ལྟར་ཐལ་སོང་ན། དོན་སྤྱི་གྱུར་པའི་གཟུང་ཡུལ་དང་། རང་མཚན་གྱུར་པའི་གཟུང་ཡུལ་གཉིས་གཞི་
གཅིག་གི་སྟེང་དུ་འདུ་བའི་སྐྱོན་ཡོད། དེ་ལྟར་མི་འདུ་ཏེ་རྗེ་ཐམས་ཅད་མཁྱེན་པའི་
ཚད་མའི་རང་འགྲེལ་ལས། དེ་གསུམ་ལ་གཟུང་ཡུལ་གྱི་རྫས་རིགས་འདུས་ཀྱང་།
དེ་གསུམ་ངོ་བོ་གཅིག་ལ་གཅིག་མི་འདུ་བར་ངེས་སོ། ཞེས་པའི་ལུང་དང་
འགལ་བའི་ཕྱིར། རང་གི་འཆད་རའི་རྡོ་འཁྱགས་སྟེང་གི་ཟིན་མཚམས་བཟུང་
སྟངས་ཞིག་བཀོད་ན། སྤྱིར་འདི་སྐབས་བསྡུད་གྲྭ་འཆད་པའི་སྐབས་སུ། གྲུབ་མཐའ་འམ་
ཐེག་པ་མདོ་སྡེ་རྣམ་བཅས་པའི་ཐེག་པ་གཞིར་གཞག་དབང་དུ་བྱས་ནས་བཤད་དགོས་པ་
གལ་ཆེའོ། དེ་ལྟར་ཡིན་དུས་སྤྱིར་མདོ་སྡེ་རྣམ་བཅས་པས་གཞི་གཟུང་བ་དང་འཛིན་པ་ཕལཆེར་སྟེང་དུ། རང་འཛིན་བྱེད་ཀྱི་ཤེས་པ་དང་བདག་རྐྱེན་དབང་པོ་སོགས་ལ་
རྣམ་པ་གཏོད་བྱེད་ཀྱི་ཕྲ་བ་ཟབ་མོ་རེ་ཡོད་པར་འདོད་པ་དེ། མདོ་སྡེ་པའི་ཐུན་མོང་
མ་ཡིན་པའི་འདོད་སྟངས་ཞིག་ཡིན་པར་སྙམས། དེ་ལྟར་གཞི་བཟུང་ནས་རངགི་བསམ་ཚུལ་ནི་ཡུལ་རང་གི་སྟེང་ནས་རང་འཛིན་ཤེས་པ་
ལ་ཡུལ་རང་གི་རྣམ་པ་གཏོད་བྱེད་ཀྱི་ནུས་པ་ཡོད་པའི་བོན་དང་། སོ་སྐྱེའི་རྒྱུད་ཀྱི་ཁྱོད་འཛིན་མངོན་སུམ་ལ་ཁྱོད་ཀྱི་དངོས་རྣམ་སྣང་བ་ཡོད་པའི་རིགས་ལ། རང་འཛིན་ཤེས་པ་ལ་
ཐུན་མོང་མ་ཡིན་པའི་རྣམ་པ་སྣང་དུ་རུང་བ་དང་།དེ་ལྟར་མ་ཡིན་པ་ཡུལ་རང་གི་སྟེང་
ལ་རང་འཛིན་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་ནུས་པ་མེད་པའི་བོན་འམ་ཡུལ་རང་གི་
སྟེང་ལ་ཡུལ་ཁོ་རང་རག་པ་གོང་བུ་རུ་རྩོམ་པའི་རྩོམ་གཞི་ཞིག་མེད་པ་དང་དཔེར་ན་ཐོག་
རེག་བཀག་པའི་བཀག་ཆ་ཙམ་ལ་ནམ་མཁའ་ཞེས་ཕར་བཏགས་པ་དང་རང་གི་བདག་གཞི
་ཕུང་པོ་བཞི་འམ་ལྔ་གང་རུང་ལ་མ་བརྟེན་པར་ང་རང་ངོས་ནས་གྲུབ་པས་སྟོང་པའི་ཆ་ལ་
གང་ཟག་བདག་མེད་ཞེས་ཕར་བཏགས་པ་དང་རང་འཛིན་རྟོག་པ་ལ་སྣང་བའི་རང་གི་
ཞེན་ཡུལ་དེ་དང་ཆ་འདྲ་བའི་རྣམ་པ་ལ་ཁྱོད་ཀྱི་འདྲ་རྣམ་ཞེས་ཕར་བཏགས་པ་ལྟ་བུའི་
རིགས་ལ། རང་འཛིན་ཤེས་པ་ལ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་འམ་འཛིན་པ་ལ་
ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་བཞག་ན་ཆོག་གམ་སྙམས་བྱུང་། ཡང་ན་འདིར་སོ་སྐྱེའི་སྐབས་ཀྱི་རྣམ་བཞག་ཡིན་དུས་ཁྱོད་དངོས་སུ་རྟོགས་པའི་
བློ་ཡིན་ན་ཁྱོད་དངོས་སུ་རྟོགས་པ་ལ་ཁྱོད་ཀྱི་སྒྲ་སྤྱི་དང་དོན་སྤྱི་གང་རུང་ལ་བརྒྱུད་
དགོས་པའི་བོན་ཐམས་ཅད། འཛིན་པ་ལ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་དང་། དེ་ལྟར་བརྒྱུད་དགོས་པ་ལ་རག་མ་ལས་པའི་བོན་ཐམས་ཅད། འཛིན་པ་ལ་ཐུན་མོང་
མ་ཡིན་པའི་རྣམ་པ་སྣང་དུ་རུང་བ་བཞག་ན་ཁྱབ་པ་ཡོད། གོང་གི་འཛིན་པ་ཞེས་པ་དེ་ནི་བློ་རྟོག་པ་ལ་མི་བཞག་རྟོག་མེད་ལ་མི་བཞག་སྤྱིར་
གཟུང་ཡུལ་ཅན་གྱི་ཤེས་པ་ཞིག་ལ་བཞག་ན་འགྲིག་གམ། དེ་ལྟར་བཞག་ན་གངས་རི་སེར་འཛིན་མིག་ཤེས་ལ་སོགས་གཟུང་ཡུལ་ཅན་གྱི་ཤེས་
པ་མ་ཡིན་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་ན་གཟུང་ཡུལ་ཡོད་དགོས་དེ་ལྟར་ཡོད་
དགོས་པ་ནི་ལུང་ལས་གྲུབ་ཏེ། བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་
མཚན་གྱིས་གཟུང་ཡུལ་རྟོགས་པ་འཛིན་པའི་མཚན་ཉིད་ཞེས་གསུང་པ་དེས་གྲུབ། འཛིན་པའི་མཚན་ཉིད་ཟུར་དུ་རྟོགས་པ་ཞེས་པ་དེས་བློ་དེ་ཡི་གཟུང་ཡུལ་དེ་དངོས་པོའི་གནས་ཚོད་ལ་ཡོད་པ་མཚོན་བྱེད་ཙམ་མ་གཏོགས་གཟུང་ཡུལ་ཅན་གྱི་བློ་དེས་ངེས་མི་དགོས།།
སླར་སྨྲས་པ། ཚད་མའི་ཚང་ཚིང་དབྱར་གྱི་ནག་རོང་དུ། །
བློ་སྒོ་དོག་པའི་བཅིང་ཀྱང་སྦར་ནུད་བྱས། །
ལག་རྗེས་རྣམ་རྟོག་བློ་ལ་འཆར་ཚུལ་དང་།
ཚད་མའི་གཞུང་གསེབ་ཉུལ་བའི་ཉམས་མྱོང་གིས། །
འཛིན་རྣམ་སྣང་ཚུལ་རབ་རིབ་བཀོད་པ་འདི། །
དཔྱོད་ལྡན་མཁས་པའི་མཐོང་ན་སྐྱོན་བརྗོད་གནས། །
རང་འདྲའི་རིགས་ཀྱི་བློ་དམན་རེ་འགའ་ལ། །
གནས་སྐབས་དོགས་སློང་ཚུལ་དུ་བྲིས་པ་ཡིན། །
ནོར་འགལ་མཆིས་ཚེ་རིག་སྨྲའི་ཚོགས་ལ་བཤགས། །