ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་ | 2012/7/21 18:45:00

༄༅༑༑    དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་ཉི་ཟེར་འོད་མདངས་བཞུགས།

ཕན་བདེའི་འོད་འགྱེད་གཤེན་རབ་མི་བོ་དང་།

ཞུ་ཡི་རྒྱུད་འཛིན་དབང་ལྡན་ལེགས་པོ་དང་།

བཀའ་དྲིན་བཞི་རྫོགས་མཁན་སློབ་རྣམ་གསུམ་སོགས།

སྒོ་གསུམ་གུས་པ་ཆེན་པོས་སྙིང་ནས་འདུད།།

ཐོག་མ་ས་བཅད་ཀྱི་རྣམ་གྲངས་གཉིས་ཀྱི་སྒོ་ནས་བསྟན་པ་ལ། སྐུ་སྐྱེ་བ་བཞེས་ཚུལ་དང་།  མཚན་ལྡན་གྱི་བླ་མར་བསྟེན་ཚུལ་གཉིས་ལས། 

དང་པོར་སྐུ་སྐྱེ་བ་བཞེས་ཚུལ་ནི།  ཡུལ་ཤབ་བ་མོ་ཆེ་བྱ་བ་ལ།  ཡབ་ཞུ་གཡས་བོན་པོ་དང་།  ཡུམ་སྨ་ཟ་ལྷ་ལྕམ་བྱ་བ་གཉིས་ཀྱི་སྲས་སུ་སྤྱི་ལོ་གཅིག་སྟོང་དྲུག་གི་ཆུ་སྟག་ལོར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་པ་མཁན་ཆེན་བསྟན་རྩིས་ལས་གསལ། གཞན་ཡང་མཁས་དབང་བོན་བརྒྱ་བླ་མས་སྤྱི་ལོ་གཅིག་སྟོང་གཉིས་ཀྱི་ལོ་ལ་སྐུ་བལྟམས་པ་བཞེད། ཡབ་ཀྱི་མཚན་ལ་ཡང་། ཞུ་གཡས་སྐྱེས་རབ་ཀྱི་རྣམ་ཐར་ལས་ཞུ་གཡས་བོན་པོ་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་ལས་ལྷ་ལེགས་དང་། མཁས་དབང་བོན་བརྒྱ་ཡི་བསྟན་རྩིས་ལས་ཐར་པ་བྱུང་ཆུབ་མཆོག་སོགས་མི་མཐུན་པ་མང་དུ་སྣང་ཀྱང་། ཚིགས་ཙམ་འགལ་བ་ལས་སྐྱོན་དུ་མ་སྣང་ངོ 

གཉིས་པ་བདག་གིས་ཞུ་འདོད་པ་གཙོ་ཆེ་་ནི་མཚན་ལྡན་གྱིས་བླ་མ་བསྟེན་ཚུལ་ནི།  ཡབ་ཡུམ་ཉེ་འབྲེལ་རྣམས་ཀྱིས། མཚན་དང་ལྡན་པའི་མཁའ་འགྲོ་མ་ལྷ་སྐྱིད་བྱ་བ་ཁབ་དུ་བླང་ཞིང་། དགའ་སྟོན་རྟེན་འབྲེལ་གྱི་མཚན་མོའི་གཟི་ལམ་ནང་དུ་ནམ་ཕྱེད་དུས་སུ་དྲན་པ་ཨོ་རྒྱན་སྟོང་རྒྱུང་སོགས་དང་ཐོ་རང་ཡུམ་ཆེན་སྲིད་པ་རྒྱལ་མོས་བླ་མ་གཤེན་གྱི་དྲུང་ནས་བོན་གྱི་དངོས་གྲུབ་ཞུ་དགོས་པའི་ལུང་བསྟན་མང་ཙམ་བྱུང་བས། ཡབ་ཡུམ་ཉེ་འབྲེལ་རྣམས་ལ་འཁོར་བར་ངེས་འབྱུང་གི་གདམ་ངག་མང་ཙམ་དང་། ལྕམ་ལྷ་སྐྱིད་ལ་ཡུལ་འདི་ནས་ལྷ་སྐྱིད་རང་ཡུལ་ཕེབས། དུས་ཕྱི་མར་མཇལ་བའི་སྨོན་ལམ་ཞུ། ཞེས་གསུངས་ནས།

ཞལ་ལྷོ་ཕྱོགས་སུ་བསྟན་ཏེ་བླ་མ་གཤེན་གྱི་དྲུང་དུ་དངོས་གྲུབ་ཞུ་བར་ཕེབས་སྐབས། ཡབ་ཡུལ་ཉེ་འཁོར་རྣམས་རྗེས་སུ་འབྲངས་ནས་ངུ་འབོད་ཀྱིས་ཞུ་བ་མང་ཙམ་ཕུལ་ཡང་། མ་གསན་པར་གདམས་ངག་མང་ཙམ་གནང་ནས་བྱ་འཕུར་བ་བཞིན་ཕེབས་པ་དང་དེ་རྗེས། གྲོགས་ལྷ་སྐྱིད་ནི་ཤིན་ཏུ་རྒོད་དོ། མཁས་དབང་ཀུན་དགའ་བཟང་པོ་བྱ་བ་དེས་ན་རེ། མི་ཤི་འབྲལ་ན་ཉན་པ་མེད། མ་ཤི་བོན་ལ་འགྲོ་བ་ལ། སྡུག་བསྔལ་ངུ་འབོད་ག་ལ་བྱེད་སོགས་མང་ཙམ་གསུངས་སོ།

དེ་ནས་དབང་ལྡན་ཞུ་གཡས་ལེགས་པོ་མཆོག་དགུང་ལོ་སུམ་ཅུའི་ཐོག་མཚོ་རྔ་བྲག་དཀར་རུ་བླ་མ་གཤེན་གྱི་མདུན་དུ་ཕེབས་ནས་གདམས་ངག་ཞུས་སྐབས། བླ་མ་གཤེན་གྱིས་ཡུལ་འདིར་འོང་དོན་གང་ཡིན་གསུངས་སྐབས། བདག་ལ་ཡབ་ཡུམ་ཉེ་འབྲེལ་རྣམས་ཀྱིས་ལྷ་སྐྱིད་ལྕམ་དུ་བླང་ཞིང་སེམས་ཅན་མང་པོ་བསད་ཅིང་དགའ་སྟོན་རྟེན་འབྲེལ་གྱི། ནུབ་མོར་དྲན་པ་ཨོ་རྒྱན་སྟོང་རྒྱུང་སྲིད་རྒྱལ་སོགས་ཀྱིས་བླ་མ་གཤེན་ལ་དངོས་གྲུབ་ཞུ་དགོས་པའི་ལུང་བསྟན་བྱུང་བས་འཁོར་བར་སྐྱོ་བ་སྐྱེས་ནས་བླ་མའི་དྲུང་དུ་འོང་བ་ཡིན་ཞེས་ཞུས་པས།

བླ་མའི་ཞལ་ནསབུ་མ་གཡེང་ལེགས་པོ་ང་ལ་ཉོན། གཏམ་སྙན་པོ་གླིང་བུ་རྒྱུད་ལ་ཡོད། བསླུ་མཁས་པ་ཆང་གི་རྒྱུད་ལ་ཡོད། བློ་བསྒྱུར་བ་བུད་མེད་ངག་ལ་ཡོད། དུས་དེ་གསུམ་དབང་དུ་མ་སོང་དགོས་ཞེས་དང་། གཞན་ཡང་བོན་ཡང་དག་གི་སློབ་མ་ཡིན་ན། དཀའ་ཐུབ་དང་སྙིང་རུས་སོགས་དགོས་པའི་གདམས་ངག་མང་དུ་གསུངས་སོ།

དེ་ནས་བླ་མས་སྒོ་ཐེམ་ཡན་ཆད་ཁྱིམ་དུ་ཡང་མ་སྙེལ་བར། དཔྱིད་དུས་དང་དབྱར་དུས་སུ་ཞིང་ལས་ཁོ་ན་དང་། སྟོན་དགུན་གཉིས་ལ། ཚེར་མ་སོགས། སྐྱེལ་འདྲེན་ཀྱི་ལས་བཅོལ་བ་ལས། བོན་ནི་ཏིལ་འབྲུ་ཙམ་ཡང་མ་གནང་ནས་ངུས་པའི་གནས་ཡུལ་ལ་ལེགས་པོ་ངུ་ས་བྱ་བའི་མིང་དུ་ཡང་ཐོག་ཡོད་པ་གྲགས་སོ། 

དེ་ནས་དུས་རེ་ཞིག་ཙམ་ན། ཤེས་བོན་ཆོས་དབང་བྱ་བ་བླ་མ་གཤེན་དང་མཇལ་སྐབས། བླ་མས་ལེགས་པོའི་གདུང་རྒྱུད་སོགས་མཁྱེན་པའི་ཚུལ་མཛད་དེ།  བུ་སློབ་རྗེས་སུ་འཛིན་པའི་དུས་བབ་པར་གཟིགས་ཏེ་ནང་དུ་བཅུགས་ནས་དྲི་བ་དང་ཞུ་ལེན་རྣམས་མཛད་པར་གྲགས།  དེ་ནས་ལེགས་པོས་ཤེས་བོན་ལ་ཕྱག་བཙལ་ནས་ང་ལ་བོན་ཐོབ་པར་བྱེད་པའི་མི་འདི་ཡིན་གསུངས་ནས་ཐུགས་གཙིས་ཆེ་བ་མཛད་དོ།  

དེ་ནས་ལེགས་པོས་ལོ་བརྒྱད་རིང་བླ་མ་གཤེན་གྱི་སློབ་བུ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པའི་བཀའ་བབ་ཀྱི་སློབ་མ་བཞི་ལས་སེམས་ཕྱོགས་བཀའ་བབ་ཀྱི་སློབ་མ་དབང་ལྡན་ཞུ་གཡས་ལེགས་པོ་ཞེས་བྱ་བར་གྲགས་སོ།

འཇིག་རྟེན་ཁམས་སུ་འགྲོ་བའི་དོན་བྱོན་ནས།

དམན་པའི་ཚུལ་བཟུང་བླ་མར་བསྟེན་ཚུལ་གཙོ།

མིག་དཔེའི་ཆེད་དུ་བསྟན་པ་རྗེས་བཞག་ལས།

བ་སྤུ་ཙམ་ཡང་རྟོགས་པ་མི་ནུས་ཀྱང་།

བློ་དམན་འཁྱམ་པོ་ང་ཡི་ལས་དབང་གིས།

སོར་བཅུའི་བར་ནས་ཐོག་མའི་སྨྱུག་རྩེ་འདིས།

དད་སེམས་དྲོན་མོའི་ངང་ནས་དབ༵ང་ལེ༵གས་ལ།

ནོར་འཁྲུལ་གང་མཆིས་སྙིང་ནས་མཐོལ་ལོ་བཤགས།

 

 

རྩོམ་པ་པོ།:འགྱུར་མེད་འོད་སྣང་། | བལྟ་ཀློག | ལན་སློག(3) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་ | 2012/7/22 15:47:08
འགྱུར་མེད་འོད་སྣང་མཁྱེན་དཔྱོད་མངའ་བའི་དྲྭ་གྲོགས་རྣམས།
བདག་གི་དྲྭ་ལམ་ཕེབས་པ་ལ།
དགའ་བས་འཚམས་འདྲི་གྲངས་མེད་ཡོད།།

མ་ཟད་མུ་མཐུད་ཕེབས་ནས།
མ་འདངས་སྐྱོན་ཆ་གང་ཡོད།
ཐུགས་བཞེས་གནང་ནས་གསུངས་རོགས།
རྩོམ་པ་པོ།:འགྱུར་མེད་འོད་སྣང་ | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་ | 2012/7/22 8:49:56
གདོང་དམར་བ(སྐུ་མགྲོན)བཀླགས་ཟིན་ཡག་པོ་འདུག གསར་རྩོམ་སྤེལ་བ་ལ་དགའ་བསུ་ཞུ།
རྩོམ་པ་པོ།:གདོང་དམར་བ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་ | 2012/7/22 8:33:44
གདོང་ཀུན་གསལ(སྐུ་མགྲོན)འགྱུར་མེད་འོད་སྣང་ལགས་བཀྲ་ཤིས་བདེ་ལེགས་ཞུ། དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་སྤེལ་བ་ལ་དགའ་བསུ་ཡོད།
རྩོམ་པ་པོ།:གདོང་ཀུན་གསལ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.