ཆུ་ཁུལ་ཤེལ་དམ་གང་།
ཁྱུང་མུ་ཝེར།
ཉེར་གཅིག་དུས་གསར་འཕེལ་རྒྱས་བཟང་།།
དབྱར་རྩྭ་དགུན་འབུ་རིན་གོང་མཐོ།།
དེ་རྐྱེན་ཞིང་འབྲོག་གཉིས་ཀ་ཡི།།
སོ་ནམ་ལས་ཀ་རིང་དུ་དོར།།
མ་གའི་མདོ་རུ་སྤྲོ་གསེང་རོལ།།
དེ་མཚུངས་ཁོ་བོ་ཙག་ཙིག་གི།I
ལས་དོན་འགའ་ཡི་རྐྱེན་བྱས་ནས།།
སྤྲོ་གསེང་རོལ་རྒྱུའི་སྐལ་བཟང་རྙེད།།
དོན་རྣམས་གྲུབ་རྗེས་ངལ་གསོ་རུ།།
ཇ་ཁང་ཞིག་གི་ནང་དུ་སོང་།།
རྐུབ་སྟེགས་སྟེང་དུ་བསྡད་མ་ཐག།
རྒྱ་བོད་གང་ཡིན་ཆ་མ་འཚལ།།
ཞབས་ཞུ་མ་ཞིག་འཁྲིས་སུ་བྱུང་།།
སྦི་རག་ག་རེ་ཁུར་ཡོང་ཟེར།།
སྦི་རག་མི་ཐུང་དམ་བཅའ་དེ།།
བླ་མའི་མདུན་དུ་བཞག་ཚར་སྨྲས།།
ཡང་ན་ཁུ་ལུ་གང་ཐུང་ཟེར།།
མཆིན་པ་ན་ཚའི་གཞི་ཡོད་པས།།
ཁུ་ལུ་བཏུང་ན་མི་བཟང་ལུགས།།
སྨན་པའི་ངག་ནས་བྱུང་ལུགས་བཤད།།
གཅིག་གཉིས་ཐུང་ན་མི་སྐྱོན་ལུགས།།
བཤད་བཞིན་ཨུ་ཚུག་རྒྱག་ནས་འདུག།
ཆུ་ཁུལ་ཡོད་ན་དེ་ལས་ནི།།
བཟང་བ་མེད་རབ་ཡང་ཡང་བཤད།།
དེ་མཐར་ཞབས་ཞུ་མ་དེས་ནི།།
ཅུང་ཙམ་མ་དགའི་ངང་ཚུལ་དུ།།
ཆུ་ཁུལ་ཤེལ་དམ་གང་བླུག་བྱུང་།།
༢༠༡༣ ༨ ༢༨