མེས་པོའི་གསུང་སྒྲོས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རོང་ཡུལ་ཁུ་ནུའི་སྦྱིན་བདག་སེར་སྐྱ་རྣམས་ཀྱི་ངོར་གདམས་པ།
[ 2012/4/4 16:56:00 | By: མུ་ལ། ]
 

རོང་ཡུལ་ཁུ་ནུའི་སྦྱིན་བདག་སེར་སྐྱ་རྣམས་ཀྱི་ངོར་གདམས་པ།

 

ཁྱུང་སྤྲུལ་འཇིགས་མེད་ནམ་མཁས་གདམས་པ།

 

རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།།

བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས།།

འདི་ཕྱིར་གཉིས་ཀར་ཕན་པའི་གཏམ་ཞིག་བཤད།།

ཀུན་གྱིས་ཡིད་ལ་ཟུངས་ཤིག་ཁུ་ནུ་བ།།

དལ་འབྱོར་ལུས་འདི་བརྒྱ་ལམ་རྙེད་པར་དཀའ།།

རྙེད་ཚེ་ཆུད་ཟོས་མ་གཏོང་ཁུ་ནུ་བ།།

ཚེ་འདིར་ཡུན་རིང་མི་སྡོད་མྱུར་དུ་འཆི།།

འཆི་ཆོས་ད་ལྟ་གྱིས་ཤིག་ཁུ་ནུ་བ།།

བླ་མ་དཀོན་མཆོག་སྤྱི་བོའི་ཐོད་བཞིན་བཀུར།།

འཁུར་མཁན་ཐམས་ཅད་རྒྱལ་ལོ་ཁུ་ནུ་བ།།

དྲིན་ཆེན་ཕ་མ་དཔྲལ་བའི་མིག་བཞིན་འཚོས།།

འཚོ་མཁན་ཐམས་ཅད་བདེ་འོ་ཁུ་ནུ་བ།།

ཤ་ཚ་སྙིང་ཉེའི་གྲོགས་པོ་སྤུན་ལྟར་བསྟེན།།

དགོས་དུས་ནམ་ཡང་སླེབས་འོང་ཁུ་ནུ་བ།།

ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་མཐོང་།།

བླ་མའི་སྐྱོན་ལ་མ་རྟོག་ཁུ་ནུ་བ།།

མཆོད་མ་ཤེས་ན་ལྷ་ཡང་གཤེད་དུ་འབབ།།

ཡུལ་ལྷར་དམར་མཆོད་མ་གཏོང་ཁུ་ནུ་བ།།

བླ་མ་རྣམས་ཀྱིས་ཆོས་ལ་བཟང་ངན་འབྱེད།།

གྲུབ་མཐའི་ཕྱོགས་རིས་མ་བྱེད་ཁུ་ནུ་བ།།

གྲྭ་པ་རྣམས་ཀྱིས་འཆལ་ལེ་འཆོལ་ལེ་སྤྱོད།།

བླ་མའི་ཞབས་འདྲེན་མ་བྱེད་ཁུ་ནུ་བ།།

བཙུན་མ་རྣམས་ཀྱིས་དམ་ཚིག་སྡོམ་པ་སྲུངས།།

དགེ་སྦྱོར་ཁ་འདོན་གྱིས་ཤིག་ཁུ་ནུ་བ།།

མི་སྐྱ་རྣམས་ཀྱིས་ཡ་རབས་བྱ་བ་གྱིས།།

དོན་མེད་སྐྱུར་འགོང་མ་རྒྱག་ཁུ་ནུ་བ།།

བཟའ་མི་ཤི་དུས་འགྱོད་པ་བླུན་པོའི་ལུགས།།

གསོན་ཚེ་མཐུན་པར་འགྲོགས་དང་ཁུ་ནུ་བ།།

གཡོག་པོར་ཁ་ཡིས་བྱམས་པས་ཅི་ལ་ཕན།།

སྙིང་ནས་ལྟོ་གོས་བྱིན་ཅིག་ཁུ་ནུ་བ།།

ཚོང་པ་རྣམས་ཀྱིས་འབྲོག་ནས་ལུག་ཉོས་ཏེ།།

མོན་དུ་དམར་ཚོང་མ་བྱེད་ཁུ་ནུ་བ།།

རྗེ་དཔོན་རྣམས་ཀྱིས་མི་སེར་ཐམས་ཅད་ལ།།

གསར་ཁྲལ་ཆད་པ་མ་འགེལ་ཁུ་ནུ་བ།།

འགོ་པས་མི་སེར་རྣམས་ལ་སྡུག་བཏང་ནས།།

ཡུལ་སྡེའི་རྒྱུ་ནོར་མ་ཟ་ཁུ་ནུ་བ།།

མི་སེར་རྣམས་ཀྱིས་འགོ་དཔོན་སུ་ལའང་།།

ངོ་ལོག་རྒྱག་སྟོན་མ་བྱེད་ཁུ་ནུ་བ།།

སྔགས་པ་རྣམས་ཀྱིས་མཐུ་དང་ངན་སྔགས་བྱེད།།

རང་གཞན་ཕུང་སྦྱོར་མ་བྱེད་ཁུ་ནུ་བ།།

ཐམས་ཅད་ནང་བ་སངས་རྒྱས་བསྟན་པ་ཡིན།།

གྲུབ་མཐའ་གཞན་ལ་མ་སྡང་ཁུ་ནུ་བ།།

བླ་མ་རྗེས་སུ་དད་ལོག་མ་བྱེད་ཅིག །

ཤི་ནས་དམྱལ་བར་འགྲོ་འོ་ཁུ་ནུ་བ།།

དཀོར་ས་ཞིང་ཁང་རྣམས་ཀྱང་ཕན་ཚུན་གྱི།།

ལག་ནས་འཕྲོག་རེས་མ་བྱེད་ཁུ་ནུ་བ།།

བླ་མར་ཧ་ཅང་དད་པ་མ་ཆུང་ཞིག །

བྱིན་རླབས་འཇུག་དུ་མེད་དོ་ཁུ་ནུ་བ།།

བཟའ་ཚང་ནང་མིར་འཁོན་འཁྲུགས་མ་བྱེད་པར།།

སེམས་ཟིན་མཐུན་པར་འགྲོགས་དང་ཁུ་ནུ་བ།།

ཧ་ཅང་སྲོག་གཅོད་ལས་ལ་མ་རྔམས་ཤིག །

དམྱལ་བའི་གཏིང་དུ་འགྲོ་འོ་ཁུ་ནུ་བ།།

སྐྱེས་སྨན་གཉིས་ནི་སྡུག་བསྔལ་གཞི་མ་ཡིན།།

གཟའ་དཔོན་ཆུང་མ་མ་ལེན་ཁུ་ནུ་བ།།

ཚོང་མ་ཤེས་ན་བུ་ལོན་འོག་ཏུ་འགྲོ།།

དོན་མེད་ཚོང་ལོག་མ་རྒྱག་ཁུ་ནུ་བ།།

ཞིང་ལ་འཚོ་སྐྱོང་བྱས་ན་ཕྱུག་པོར་འགྱུར།།

ཁ་རོག་ཉལ་ལ་མ་དགའ་ཁུ་ནུ་བ།།

ཟ་འདོད་འཐུང་འདོད་ཁྱི་ལས་ལྟོགས་པ་མེད།།

ཧ་ཅང་ལྟོགས་དུ་མ་འཇུག་ཁུ་ནུ་བ།།

ཟས་ནོར་གསོག་འཇོག་མང་ན་དགྲ་འདྲེས་འཁྱེར།།

ནོར་འདོད་ཧམ་པ་མ་ཆེ་ཁུ་ནུ་བ།།

བསོད་ནམས་མེད་ན་བརྒྱ་བསམ་གཅིག་མི་འགྲུབ།།

དོན་མེད་བློ་སྣ་མ་མང་ཁུ་ནུ་བ།།

སྔོན་གྱི་ལས་གསལ་བླ་མ་དཀོན་མཆོག་མཁྱེན།།

སོམས་དང་དོན་ཡང་འགྲུབ་བོ་ཁུ་ནུ་བ།།

རྣམ་རྟོག་ཅན་གྱི་མི་ལ་ལྷ་འདྲེ་མང་།།

དོན་མེད་རྣམ་རྟོག་མ་མང་ཁུ་ནུ་བ།།

ཞེ་སྡང་ཅན་གྱི་མི་ལ་དགྲ་བོ་མང་།།

གཞན་ལ་ཁོང་ཁྲོ་མ་ཆེ་ཁུ་ནུ་བ།།

སེར་སྣ་ཅན་གྱི་མི་ལ་བདེ་དུས་མེད།།

ནོར་ལ་སེད་པ་མ་ཆེ་ཁུ་ནུ་བ།།

ཟས་ལ་ལག་པ་ཡང་ན་བྲན་གཡོག་འཁོར།།

ཟ་མ་སྡུག་ཙིར་མ་བྱེད་ཁུ་ནུ་བ།།

མཆོད་སྤྱིན་བཏང་ན་བསོད་ནམས་ཤུགས་ལས་སྐྱེ།།

མི་ཚེ་འདིར་ཡང་བདེ་འོ་ཁུ་ནུ་བ།།

རྒྱུན་དུ་རྟེན་གསུམ་ཕྱག་དང་བསྐོར་བ་བགྱིས།།

དཀོན་མཆོག་རྗེས་སུ་འཛིན་ནོ་ཁུ་ནུ་བ།།

བྱ་བཏང་སྒོམ་ཆེན་བཟང་པོར་མཐུན་རྐྱེན་སྤྱོར།།

སངས་ཀྱང་མཉམ་པོར་རྒྱ་འོ་ཁུ་ནུ་བ།།

གཞན་གྱི་དགེ་བར་རྗེས་སུ་ཡི་རངས་གྱིས།།

བསོད་ནམས་རྒྱ་ཆེན་འཐོབ་བོ་ཁུ་ནུ་བ།།

དགེ་བ་གང་བྱས་མཇུག་ཏུ་བསྔོ་སྨོན་གྱིས།།

ནམ་ཡང་ཆུད་ཟོས་མི་འགྲོ་ཁུ་ནུ་བ།།

འདི་བཞིན་ལྷ་ཆོས་བྱེད་པའི་སྐྱེ་བོ་ཀུན།།

འདི་ནས་བཟུང་སྟེ་སྐྱིད་དོ་ཁུ་ནུ་བ།།

དེ་ལྟར་ལྷ་ཆོས་དགེ་བ་མ་སྒྲུབ་ཀྱང་།།

མི་དགེའི་སྡིག་གསོག་མ་བྱེད་ཁུ་ནུ་བ།།

ཆོས་པ་གཞན་ལ་དད་པ་མི་བྱེད་ཀྱང་།།

དོན་མེད་གཤེ་སྐུར་མ་བྱེད་ཁུ་ནུ་བ།།

ཡུལ་མི་ཁྱིམ་མཚེས་ཕན་ཞིག་མ་ཐོགས་ཀྱང་།།

ཞེ་བརྣག་གནོད་པ་མ་བྱེད་ཁུ་ནུ་བ།།

ཁ་འདོན་བཟླས་བརྗོད་མང་པོ་མ་ཐུབ་ཀྱང་།།

མ་ཎི་རྒྱུན་དུ་གྲོངས་ཤིག་ཁུ་ནི་བ།།

ཨ་ནེ་རྒད་མོས་མ་ཎི་མི་འདོན་ཡང་།།

མནའ་མར་ཁ་ཚག་མ་རྒྱག་ཁུ་ནུ་བ།།

ཕ་རྒན་དལ་དུས་ཕྱག་སྐོར་མི་བྱེད་ཀྱང་།།

བུ་ཡི་མནའ་མ་མ་རྐུ་ཁུ་ནུ་བ།།

མ་གྱུར་འགྲོ་ལ་ཕན་ཐོགས་མ་ནུས་ཀྱང་།།

ཕན་སེམས་ཡང་ཡང་བསྐྱེད་ཅིག་ཁུ་ནུ་བ།།

རྣལ་འབྱོར་སྙིང་གཏམ་གསེར་དང་འདྲ་བ་འདི།།

ཁྱེད་རྣམས་སྙིང་ལ་ཆོངས་ཤིག་ཁུ་ནུ་བ།།

ཆོས་མཐུན་འདི་བཞིན་བྱེད་པའི་འགྲོ་བ་ལ།།

ཆོས་སྐྱོང་དཀར་ཕྱོགས་ལྷ་ཡིས་བསྲུང་བར་ཤོག   

 
 
Re:རོང་ཡུལ་ཁུ་ནུའི་སྦྱིན་བདག་སེར་སྐྱ་རྣམས་ཀྱི་ངོར་གདམས་པ།
[ 2012/4/4 17:52:53 | By: གངས་བུས(སྐུ་མགྲོན) ]
 
གངས་བུས(སྐུ་མགྲོན)གདམས་པ་འདི་འདྲ་མཁོ་སྤྲོལ་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཡང་ཡང་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.