བར་སྐབས་ཤིག་གི་དུངས་བརྗོད།
འགྲུལ་བཞུད་གཉིས་ཀྱི་ལོ་རྒྱུས།
——འབྲོག་ཁ་མང་།
༡
ཕྱིར་མིག་བལྟ་བ།
༡
རྩེ་དགའི་བར་ནས་སེམས་ཤིག་ཤོར་བས།།
འབྲེལ་འདྲིས་དཀྱིལ་ནས་བརྩེ་ཞེན་རྒྱས་སོང།།
མ་བཤད་གསང་ནས་ཟླ་ཤས་འགོར་ཡང།།
སེམས་པ་དམར་པོ་དྲོད་ཀྱིས་གང་ཡོད།།
༢
ཉིན་ཞག་མང་ཅིག་་སྤྲོ་བས་བསྐྱལ་ཡིན།།
མཚན་ལམ་འགའ་ཡང་སྐྱིད་ཀྱིས་བསྐྱལ་ཡིན།།
ཕར་དགའ་ཚུར་འཐད་བརྩེ་བ་ཆགས་ཀྱང།།
ལན་ཅིག་མ་བཤད་ཁོག་ན་ཉར་ཡིན།།
༣
ཉིན་དང་མཚན་མོས་ཟླ་ངོ་ལོན་སོང།།
སེམས་གཏམ་རྣལ་མ་ཁ་ནས་ཤོར་སོང།།
མདངས་སྐྲག་ངང་ནས་གཏམ་ཞིག་དྲིས་པར།།
སྐད་ཅིག་བར་ནས་ལན་ཅིག་སློག་བྱུང།།
༤
ཁྱོད་སེམས་མ་འགྱུར་བྲག་ལྟར་བརྟན་ན།།
བུ་མོའི་སེམས་པ་དེ་ལས་བརྟན་ཟེར།།
དགའ་བས་སྨྱོས་ནས་སྤྲོ་བས་བཟི་སོང།།
འཛུམ་ལན་སློག་གིན་ལག་འཇུ་གཏང་ཡིན།།
མཛའ་མོ་ཁྱོད།
ཀུན་གྱིས་མཆོག་རེད། སེམས་ཀྱི་སྨན་རེད།
༡
ལང་ཚོའི་མེ་ཏོག་བཞད་ཁ་ཕྱེ་དུས།།
བརྩེ་ཞེན་དུངས་ཞེན་རླབས་ཀྱིས་འཕྱུར་དུས།།
ཀུན་གྱི་མཆོག་རེད་སེམས་ཀྱི་སྨན་རེད།།
སེམས་པའི་ཟབ་སར་ཁྱེད་ཉིད་བཞག་ཡིན།།
༢
སློབ་རྭའི་ཟུར་དང་འཛིན་གྲྭའི་སྒོ་ནས།།
ཟུར་མིག་མདའ་མོ་ཁྱེད་ལ་འཕངས་ནས།།
རྣམ་ཤེས་སྐམ་པོ་ཁྱེད་ཀྱིས་བཟུང་འདྲའི།།
དུས་དྲུག་ཁོམ་མེད་ཁྱེད་ཕྱོགས་འཁོར་སོང།།
༣
རང་ཁྱིམ་དྲོན་མོའི་མལ་གདན་སྟེང་ནས།།
སྟབས་བདེའི་འཁྱེར་འཕྲིན་བྱིལ་བྱིལ་བྱེད་ཞོར།།
སེམས་འཕྲིན་ཐར་འཐོར་སེམས་པས་བསྐུར་གྱིན།།
མིག་ཆུ་བཞུར་ཞོར་སྨྲེང་གླུ་ལེན་མྱོང།།
༤
ལྷ་ལྡན་དབུས་ཀྱི་ཁ་དབུགས་རྔུབ་དུས།།
ཨ་མྱེ་རྒན་པོའི་བཀའ་ལས་འགལ་སྟེ།།
རྫུན་ཁྲམ་གཡོ་འགའ་འགྲོགས་སུ་འབོད་ཀྱིན།།
ཁྱེད་ཉིད་ཡོད་སར་དགའ་བས་རྒྱུག་མྱོང།།
༥
གཤིས་བཟང་གྲོགས་འགས་རྒྱབ་ནས་སྐྱོར་མྱོང།།
ཕྱག་སྡང་ཅན་འགས་སྡང་མིག་འཕེན་མྱོང།།
སེམས་ཆུང་མ་འགའི་སེམས་པ་གསོད་མྱོང།།
ཁྱེད་ཉིད་གཙུག་གི་སྤྱི་བོར་བཞག་མྱོང།།
༦
བཟང་གསུམ་འཛོམས་པའི་སློབ་མ་མིན་ཡང།།
ལག་ཟུང་དྲོན་མོ་དཔེ་དེབ་ཐོགས་ནས།།
ཁྱེད་ཉིད་ཡོད་སར་དགའ་བས་རྒྱུག་ནས།།
སེམས་གཏམ་ཐར་འཐོར་སྤྲོ་བས་ལབ་མྱོང།།
༧
སྐད་ཆ་ཉུང་ལ་མཁས་ལེན་ཉུང་ཡང།།
གློ་སྙིང་བྲང་གསུམ་ཁྱེད་ལ་གཏད་པའི།།
ཡིད་ཆེས་དར་དཀར་ཁྱེད་ལ་འཐེན་ནས།།
ཕུགས་བསམ་ཆེ་ཆེ་སྔོན་ལ་གཏང་མྱོང།།
༨
མ་སྐྱིད་མ་དགས་ཚིག་རྩུབ་འཕེན་ཡང།།
འཛུམ་གྱིས་བསུས་ནས་སེམས་གསོ་གཏོང་མྱོང།།
སློབ་སྦྱོང་མ་གཏོགས་མི་གཙོ་ལབ་ཀྱང།།
དང་ལེན་བྱེད་ཞོར་མཉམ་དུ་འབད་མྱོང།།
གྱེས་ཁའི་ཁ་དན། དྲན་པའི་འཕྲིན་པ།
༡
གྱེས་ཕྱག་ཕུལ་བའི་རྒྱུགས་ཤིག་གཏང་ཡིན།།
སྐར་གྲངས་ཤིག་གིས་སེམས་པ་བསད་སོང།།
ཆུ་མོ་སྐམ་པའི་རྟགས་ཤིག་མིན་ཡང།།
ཉ་ཆུ་བྲལ་བའི་བརྡ་ཞིག་ཡིན་འདྲ།།
༢
གདམ་ཀ་མང་པོ་མེ་ཏོག་གླིང་ན།།
སེམས་སོང་མེ་ཏོག་མང་མང་མིན་འདྲ།།
རྒྱུག་འདུར་བར་ནས་ཡུན་ཅིག་འགོར་སོང།།
གཞུང་མཐིལ་རྒྱབ་པའི་བརྡ་ཞིག་སྒུག་ཡིན།།
༣
མ་བསམ་ས་ནས་བརྡ་ཞིག་འབྱོར་སོང།།
ཁྱེད་ཉིད་ལྷོ་དང་ང་ནི་བྱང་ཟེར།།
ལོ་ཟླ་བརྩིགས་ནས་ཁ་ཁར་འཚོ་དགོས།།
དྲན་གདུང་འཕྲིན་པ་མ་ཆད་གསུངས་བྱུང།།
༤
དེ་དང་མཚུངས་འདྲའི་ལོ་རྒྱུས་མང་ཡོད།།
སེམས་དང་འདྲེས་པའི་གཏམ་རྒྱུད་འབེལ་ཡོད།།
ཟིན་ཐོར་མ་བཀོད་ཕངས་སེམས་གྱུར་ཡོད།།
ཤོད་བཀའ་བརྗོད་བཀའ་བརྒྱ་དང་སྟོང་ཡིན།།
ལམ་འགྲོ་མེད་མེད་བར་ཆད་ཡོད་ཡོད།
༤
མཉོམ་ཆུང་བུ་ངའི་བློ་ཁ་གྱུར་སོང།།
བརྩེ་དུང་སྡོམ་པར་ཞེ་ཁ་ལོག་སོང།།
སྙིང་སྡུག་མཛའ་མོའི་སེམས་པ་བསད་སོང།།
སྐྱོ་གར་ཅིག་གིས་ཉིན་ཞག་བསྐྱལ་སོང།།
༢
མདངས་ལྡན་མ་འགའི་གཏམ་ལ་ཉན་ཡིན།།
བཞིན་བཟང་མ་འགའ་རོགས་སུ་བཙལ་ཡིན།།
དགའ་སྡུག་དབེན་པ་བུ་ངའི་སེམས་རེད།།
སྐྱོ་གདུང་ཁུར་བ་ཁྱེད་ཀྱི་སེམས་རེད།།
༣
ཁ་པར་ཆད་མེད་དུས་དྲུག་ཐོན་བྱུང།།
འཕྲིན་པའི་ཁ་གྲངས་གྲངས་ཀྱིས་མི་ལངས།།
དགའ་བ་ངོ་མ་ཁོག་ན་ཡོད་ཀྱང།།
ཁ་ཞེ་མཐུན་པའི་ལས་ཤིག་མ་བྱས།།
༤
མཛའ་མོ་བརྩེ་བ་སེར་པོ་གསེར་རེད།།
མཛའ་མོའི་དུངས་བ་དཀར་པོ་དུང་རེད།།
མཛའ་མོའི་སེམས་པ་དམར་པོ་ཁྲག་རེད།།
མཛའ་མོའི་ཕྱི་ཐག་ཆུ་མོའི་རྒྱུན་རེད།།
༥
སྐབས་ཤིག་འུ་གཉིས་མཐུན་མཐུན་བྱས་ཡིན།།
ཡུན་ཅིག་བྲལ་ནས་སྐྱོ་བས་མནར་ཡིན།།
ཡང་དང་བསྐྱར་གྱིས་མཐུན་བྲལ་རོལ་ཡིན།།
བརྩེ་ཞེན་དུངས་ཞེན་ལྷུན་པོའི་བརྗིད་ཡིན།།
༦
དུས་སྐབས་འདི་ནང་སྨྱོ་ལས་ལས་མྱོང།།
སླད་ཀྱི་ལམ་ནས་ཉམས་མྱོང་བཙལ་མྱོང།།
གློ་སྙིང་བར་ནས་དགོངས་འགལ་ཞུ་མྱོང།།
མཛའ་མོའི་སེམས་པར་ཡིད་རངས་ཞུ་མྱོང།།
བརྩེ་ཞེན་སླར་གསོ། དམ་བཅའ་ཇེ་བརྟན།
༡
འགྱོད་གདུང་བར་ནས་རང་སེམས་གསོས་ཡོད།།
སྐྱོ་གདུང་དཀྱིལ་ནས་ཁྱེད་ཉིད་བསྒོམས་ཡོད།།
གནའ་བསྐྱལ་དམ་བཅའ་གང་ཡང་མེད་ཀྱང།།
རང་སེམས་དམར་པོ་འབེན་དུ་བཞག་ཡིན།།
༢
འཆི་བྲལ་གཙན་པོ་མ་ཐོན་བར་དུ།།
གསོན་བྲལ་མི་བྱེད་དམ་བཅའ་བཞག་ཡིན།།
དཀག་ཁག་ལོ་ཟླ་ཇི་ཙམ་ཐུག་ཀྱང།།
སྙིང་རུས་མི་གཞོམ་དམ་བཅའ་བཞག་ཡིན།།
༣
དགའ་རབས་བཤད་ནས་དགའ་སྤྲོ་རོལ་མྱོང།།
དྲན་རབས་གླེང་ནས་དངན་པ་ཤོར་མྱོང།།
ཆུང་ཆུང་མ་རེད་ཆེ་ཆེ་མ་རེད།།
ཡོད་ཡོད་ཡིན་ཡིན་འཛིན་དགོས་བསམས་ནས།།
༤
དམ་བཅའ་བརྟན་པོ་ཁོག་ན་བཅུག་སྟེ།།
སྨྲ་ལྕེའི་དབུས་ནས་སེམས་གཏམ་གླེང་ཡིན།།
སྒོ་གསུམ་མ་ལྷད་ཁྱེད་ཕྱོགས་རྟེན་ནས།།
འོ་མའི་རྒྱ་མཚོ་ཁྱེད་ལ་བསྐྱིལ་ཡིན།།
༥
ཡུལ་ལ་ལོག་ཡིན་ཕྱི་ལ་སོང་ཡིན།།
ཁྱེད་ཉིད་དྲན་ཡིན་སྟོང་འདང་འཁོར་ཡིན།།
གར་སོང་གང་བྱེད་ཅི་བསམ་ཅི་བཤད།།
ཁྱེད་ལ་བཅངས་པའི་བརྩེ་འདང་མ་འགྱུར།།
༦
བརྩེ་བ་བྲག་ཡིན་དུང་བ་དར་ཡིན།།
སེམས་ཀྱི་སྨན་ཡིན་ལུས་ཀྱི་དྲོད་ཡིན།།
སྙན་ངག་བྲིས་ཡོད་ཉིན་ཐོར་བཀོད་ཡོད།།
ཁྱེད་ཉིད་མེད་པའི་རྩོམ་སྣ་གཅིག་མེད།།
༧
དགའ་ནས་འཁྲབ་ཡིན་སྐྱོ་ནས་ངུས་ཡིན།།
སེམས་ཁམས་གསོ་བའི་བདུད་རྩི་ཁྱོད་ཡིན།།
ཡག་རབས་བཤད་ཡིན་སྡུག་རབས་ལབ་ཡིན།།
སེམས་གཏམ་རྣལ་མ་ཁོག་ན་ཉར་ཡིན།།
༨
དགའ་འབོད་བྱེད་ས་སྐྱོ་གདུང་གླེང་ས།།
རུས་པའི་རྐང་ཡིན་སྙིང་གི་ཚིལ་ཡིན།།
འཇིག་རྟེན་ཆེ་རེད་འཁོར་བ་ཆུང་རེད།།
ང་ལ་ཡོད་རེད་ཁྱེད་ཉིད་གཅིག་པུ།།
༩
བྲིས་ནས་ཚར་བའི་སེམས་གཏམ་མེད་ལ།།
སེམས་གཏམ་ཡོད་ཚད་འབྲི་ཐབས་མེད་འདྲ།།
འབྲི་ཐབས་འདི་ཡང་བཙན་གྱིས་མ་བཙལ།།
རང་བཞིན་བརྡོལ་བའི་སེམས་གཏམ་ཤབ་ཤུབ།།
༡༠
མཚན་ལམ་རིང་མོའི་ཕྱེད་ཙམ་བརྒལ་འདུག།།
མིག་ཟུང་མཉོམ་པོ་མག་མོག་ཆགས་འདུག།།
ཀླད་རྩ་དེ་ཡང་འཁུམས་ཀྱིན་འདུག་པས།།
ལན་ཅིག་འབྲི་མཚམས་འདི་ནས་བཞག་ཡིན།།
༢
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།
༡
དོན་ལྔ་སྣོད་དྲུག་གི་གཏིང་མཐའ་ལྷུང་ཞིང།།
དབང་པོ་སྒོ་ལྔ་ཡིས་དུས་དྲུག་སྒོམ་བྱ།།
རྒྱང་རིང་མཛའ་མོ་ཡི་བརྩེ་བ་བསམས་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
༢
དགའ་དུངས་ལོ་རྒྱུས་ཤིག་སེམས་པར་འཁོད་ཡོད།།
སྙིང་གཏམ་ཤབ་ཤུབ་འགའ་ཁོག་ནས་འཁྲུངས་མྱོང།།
མི་རྟག་རང་བཞིན་གྱི་མཆན་འབྲེལ་ཀློག་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
༣
དགའ་སྐྱོ་འདྲེས་མ་ཡི་ལོ་ཟླའི་ཁྲོད་ནས།།
ཤ་འདྲེས་པགས་འདྲེས་ཀྱི་བརྩེ་འདང་རྒྱས་མྱོང།།
ཡིན་ཡིན་ཡོད་ཡོད་དག་མིན་གྱིས་བཀབ་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
༤
དགའ་རབས་དྲན་རབས་ཀྱི་ཉིན་ཞག་བར་ནས།།
ཧོལ་རྒྱུག་ཆེ་ཆུང་གིས་མདུན་ལྗོངས་བཀག་མྱོང།།
རེ་ཐག་ཕྲ་མོ་དེ་ཡུན་གྱིས་ཆད་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
༥
དམིགས་འདུན་བཙལ་ཞོར་དང་མིག་ཆུ་བཞུར་ཞོར།།
ཡ་ཆུང་སེམས་པ་ཡི་ཁེན་ས་བྱེད་མྱོང།།
ཁེར་རྐྱང་སེམས་པ་ཡིས་ཆིག་ལབ་རྒྱག་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
༦
ཡོད་ཡོད་ཁ་ཤས་ཤིག་སྔོན་ནས་བཤད་མྱོང།།
ཡིན་ཡིན་མང་པོ་ཞིག་ཁོག་ཏུ་ཉར་མྱོང།།
མིན་མིན་མེད་མེད་ཀྱིས་ཕྱི་ནང་བཏུམས་དུས།།
ཡུན་རིང་འཚོ་ཐབས་ཀྱི་གསོན་ཤུགས་ཉམས་འགྲོ།།
བསམ་རྒྱུ་སྒོམ་རྒྱུ་ནི་ད་རུང་ཁྱེད་ཉིད།
༡
གསེར་གྱི་གདུ་བུ་ཞིག་ང་ལ་ཡོད་ན།།
དངུལ་གྱི་རྣ་ལུང་ཞིག་བདག་ལ་དབང་ན།།
བྱིན་ས་བྱིན་ཡུལ་དེ་ཁྱེད་ལས་མ་འཁོར།།
བསམ་རྒྱུ་སྒོམ་རྒྱུ་དེ་ཁྱེད་ཉིད་ལས་མེད་འདྲ།།
༢
མཐོང་བ་ཀུན་སྨོན་གྱི་གཞལ་ཡས་ཁང་དུ།།
གཡུ་འབྲུག་ཆ་འགྲིག་གི་བཞུགས་གདན་སྟེང་དུ།།
འུ་གཉིས་མཉམ་སྡོད་ཀྱི་སྟོང་འདང་འཁོར་མྱོང།།
བསམ་རྒྱུ་སྒོམ་རྒྱུ་དེ་ཁྱེད་ཉིད་ལས་མེད་འདྲ།།
༣
རླངས་འཁོར་ཆེ་ཆུང་འགའ་སེམས་ཀྱིས་གཏང་ནས།།
རི་ལུང་སྤང་ཐང་འགའ་དལ་གྱིས་བཅད་མྱོང།།
དུས་དྲུག་ཁོམ་མེད་ཀྱི་སྟོང་བསམ་བར་ན།།
བསམ་རྒྱུ་སྒོམ་རྒྱུ་དེ་ཁྱེད་ལས་མེད་འདྲ།།
༤
ཡབ་ཡུམ་གཉེན་ཉེ་ལ་སེམས་ཁུར་བྱེད་ཞོར།།
མ་རིག་མ་ཤེས་འགའ་མཉམ་དུ་ཚུད་འདྲ།།
བླུན་སོང་ལྐུག་སོང་གིས་ཟ་སོང་མེད་ཡང།།
བསམ་རྒྱུ་སྒོམ་རྒྱུ་དེ་ཁྱེད་ཉིད་ལས་མེད་འདྲ།།
རྟོགས་བཀའ་བའི་སེམས་པ།
༡
ཁ་སང་ཉི་མ་དེ་ངུས་ནས་བསྐྱལ་ཡིན།།
དེ་རིང་དུས་ཚོད་འདི་འཐོམས་ནས་འདས་སོང།།
སང་ཉིན་དབང་ཕྱོགས་ནས་ཉི་ཟེར་འཕྲོ་དུས།།
མཉོམ་ཆུང་སེམས་ཆུང་ཁོའི་སེམས་ཁ་གང་འདྲ།།
༢
དྲན་པ་ཁྲི་ཕྲག་ཞིག་ཁོག་ན་བཅུག་ཡོད།།
དགའ་བ་འབུམ་ཕྲག་ཞིག་ཞེ་རྩར་བཀུང་ཡོད།།
འབྲི་བཀའ་བརྗོད་བཀའ་འགས་སྒོ་གསུམ་བཟུང་ཡོད།།
མཉོམ་ཆུང་སེམས་ཆུང་ཁོའི་སེམས་ཁ་གང་འདྲ།།
༣
བརྩེ་ཞེན་དྲགས་པོ་དེས་རུས་རྐང་འཐིམས་ཡོད།།
དུང་ཞེན་དཀར་པོ་ཡིས་དབང་པོ་བསྡམས་ཡོད།།
བརྩེ་དུང་ཨ་ལོང་གིས་རྣམ་ཤེས་བཟུང་ཡོད།།
མཉོམ་ཆུང་སེམས་ཆུང་ཁོའི་སེམས་ཁ་གང་འདྲ།།
ཟླ་འོད་དབེན་སོང། སྐར་འོད་མི་མཁོ།
༡
སྨག་གནག་མཚན་མོ་ཡི་གནམ་ལ་བལྟ་དུས།།
ཡིད་འོང་ཟླ་འོད་ཁོང་སྤྲིན་གྱིས་སྒྲིབ་འདུག།།
སྐར་ཚོགས་གྲངས་ཡས་འགས་མཐའ་ནས་བསྐོར་ཡང།།
སེམས་སོང་ཟླ་འོད་ལས་ཞེ་ལ་མི་འདུག།།
༢
སྐྱོ་བའི་དངན་པ་དེ་དབྱར་གྱིས་འབྲུག་ཡིན།།
མིག་ཆུའི་བཞུར་རྒྱུན་དེ་གཙང་པོ་རྒྱུན་ཡིན།།
དྲན་པའི་སྒོ་མོ་དེས་རྔ་ཆེན་བརྡུངས་ཀྱང།།
འགྲོ་འདོད་རྐང་ལག་ཀུན་སྒྲོག་གིས་བཅིངས་ཡོད།།
༣
ཕྱི་ཐག་རིང་མོ་དེ་རྨ་ཀླུང་བཞུར་རྒྱུན།།
གཤིས་རྒྱུད་བཟང་མོ་དེ་གངས་དཀར་སྲས་མོ།།
ཁ་ཞེ་མཐུན་པ་དེ་ཉ་ཆུ་མཐུན་མཐུན།།
ང་དང་བྲལ་ཉིན་ནས་ང་སེམས་བསད་སོང།།
༤
མཚན་ལམ་རིང་མོ་དག་གཉིད་རྒྱུ་མི་འདུག།།
ཉིན་ལམ་ཉུང་ཉུང་ཡང་སྐྱིད་རྒྱུ་མི་འདུག།།
ལས་དབང་རྒྱལ་མོ་དེ་སྨྱོ་སོང་མིན་ན།།
མཉོམ་ཆུང་མི་བུ་ངའི་ལན་ཆགས་མིན་འདྲ།།
༥
སེམས་ཀྱི་ཟླ་འོད་དེ་དལ་གྱིས་ཡལ་དུས།།
རེ་བའི་ཟླ་འོད་དེ་སྤྲིན་གྱིས་བསྒྲིབས་དུས།།
མིག་མདུན་ཟླ་འོད་དེ་སྐད་ཅིག་བོར་དུས།།
ང་ཡི་མི་ཚེའི་ནང་ཟླ་འོད་མི་འདུག།།
༦
ཚིག་སྦྱོར་བདེ་མོ་དེ་དེང་གླུ་ལེན་ལེན།།
སེམས་པ་གཅོང་གཅོང་དེ་ཀུན་གྱིས་རྟོགས་བཀའ།།
གཉིད་རྒྱུ་བདེ་རྒྱུ་ཞིག་མི་ཡོང་གི་མོད།།
དཀར་གཙང་ཤོག་ངོས་སུ་སེམས་གཏམ་གང་ཡོད།།
༧
ཁུ་སིམ་མུན་ཁུང་གི་སེམས་ཁ་སྐྱ་བོ།།
ཆུ་ཚོད་གཉིས་པ་ཡི་སེམས་གཏམ་ཤབ་ཤུབ།།
མི་ཚེའི་དགའ་སྡུག་གི་ལོ་རྒྱུས་ཟིན་ཐོ།།
མདའ་ཁ་མདུང་རྩེ་ཡིས་ཤོག་ངོས་བཀོད་དགོས།།
- ཟིན་ཐོ་གོང་མ།གློ་བུར་སེམས་ཀྱིས་དྲན་པ་ཐོར་བུ།
- ཟིན་ཐོ་འོག་མ།རྫི་བོ།