བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།
འབྲོག་ཁ་མང།
མིག་ཟུང་རྒྱང་ལ་གཏད་པ་ཉུང་ཉུང་མིན།།
དྲན་གདུང་སྨྲེང་གཞས་གྱེར་བ་མཚམས་མཚམས་མིན།།
སྐྱོ་གདུང་མཆི་མ་བཞུར་བ་སྐབས་སྐབས་མིན།།
བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།།
འདྲ་མིན་ཀུན་དགའ་རྭ་བར་འགྲིམས་འགྲིམས་ནས།།
དྲིན་ཆེན་སློབ་དཔོན་དག་གིས་གཅེས་གཅེས་ཀྱང།།
བརྩེ་ཞེན་དྲགས་པོས་རོལ་དབྱངས་དཀྲོལ་དཀྲོལ་བའི།།
བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།།
དེང་ཆས་གོས་ཀྱིས་མགོ་འཇུག་བཏུམས་བཏུམས་ནས།།
བཅུད་ལྡན་བཟས་ཀྱིས་ལྟོ་བ་བགྲངས་བགྲངས་ཀྱང།།
བཅོས་མའི་འཛུམ་གྱིས་བསླུ་ཐབས་འབེལ་འབེལ་བའི།།
བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།།
ཆ་མེད་རྒྱུས་མེད་གྲོང་དུ་ཆས་ཆས་ནས།།
ཡིད་མཐུན་གྲོགས་ཤིག་བསམས་ནས་བཙལ་བཙལ་ཡང།།
ཕྲ་མོ་གཏམ་གྱི་ལྐོག་མདའ་འཕེན་འཕེན་པའི།།
བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།།
དེང་རབས་ཅན་གྱི་སློབ་ཆེན་ཆེ་ཆེའི་ནང།།
སྐྱེ་གཟུགས་གུས་ལུགས་བཟང་བ་མཆིས་མཆིས་ཀྱང།།
ཁ་ཞེ་མགོ་གཏིང་ལོག་པ་མང་མང་བའི།།
བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།།
- ཟིན་ཐོ་གོང་མ།ཚ་ཚ་འུར་འུར་གྱིས་ལ་རྒྱ་མཆོད་ས།།
- ཟིན་ཐོ་འོག་མ།གློ་བུར་སེམས་ཀྱིས་དྲན་པ་ཐོར་བུ།