༄༅།། ཚ་ཚ་འུར་འུར་གྱིས་ལ་རྒྱ་མཆོད་ས།།
འབྲོག་ཁ་མང་།
༈ཟླུམ་གཟུགས་གོ་ལ་ཡི་རྩེ་མོ་ཡིན་རབས། །
ཆུ་བཞི་སྒང་དྲུག་གི་ལྟེ་བ་ཡིན་སྐད། །
ཁང་ཆུང་ཁང་ཆེན་ཀུན་གློག་འོད་ཆེམ་ཆེམ། །
ཡིག་ནོར་མཛེས་པོ་དག་མིག་ལམ་ཤར་ཤར། །
སྒེར་གཞུང་དབྱེ་མེད་ཀུན་འདུར་འདུར་རྒྱུག་རྒྱུག། །
ཚ་ཚ་འུར་འུར་གྱི་ལ་རྒྱ་མཆོད་སོང། །
༈གནའ་དེང་ཟུང་འབྲེལ་གྱི་ལོ་རྒྱུས་འཁྲུངས་ས། །
དགའ་སྐྱོའི་སྣང་བ་ཡིས་བྲོ་གར་འཁྲབ་ས། །
མ་ཐོན་ཚེ་གཅིག་གི་སེམས་ཁ་ཕྱོགས་ས། །
བསླེབས་ན་སྐྱོ་གདུང་གི་མཆི་མ་བཞུར་ས། །
དེ་རིང་ཁ་སང་གི་ཉི་མ་ལྷ་ས། །
ཚ་ཚ་འུར་འུར་གྱི་ལ་རྒྱ་མཆོད་ཡུལ། །
༈དགེ་བཤེས་བྲལ་པོ་འགའ་ཚོང་པ་གྱུར་ཡོད། །
གཙུག་ལག་གཞལ་ཡས་དག་ཆང་ཁང་འགྱུར་གྲབ། །
ཆེ་མ་ཆུང་གསུམ་གྱི་དུས་དྲུག་འཚོ་རོགས། །
ལྦུ་བ་སིབ་སིབ་ཀྱི་ཤེལ་དམ་སྐེ་རིང། །
མཐོང་བ་ཀུན་སྨོན་གྱི་ཉིད་འོད་གྲོང་ཁྱེར། །
ཚ་ཚ་འུར་འུར་གྱིས་ལ་རྒྱ་མཆོད་ས། །
༈རྟ་བདུན་དབང་པོ་ཁོང་ནུབ་རི་རྒལ་རྗེས། །
བསིལ་ཟེར་ཟླ་འོད་ཀྱིས་སྨག་རུམ་བསུས་སོང། །
རྫོང་རྒྱབ་ཀླུང་ཁང་དང་ཇོ་ཁང་གཡས་གཡོན།།
ལྷ་ཚོགས་འཆོང་ལྡིང་ལ་འདྲེ་ཚོགས་ཧད་འདུག་། །
ཁུ་སིམ་ལྷིང་འཇགས་ཀྱི་མིང་ཙམ་དབེན་པའི། །
ཚ་ཚ་འུར་འུར་གྱིས་ལ་རྒྱ་མཆོད་ས། །
༈དུག་ཆུ་དམར་སེར་དང་རྒྱན་གོས་ཡ་མཚན། །
ཉི་འོད་གྲོང་ཁྱེར་གྱི་ལག་རྟགས་ཆགས་ཡོད། །
ཁ་ཡག་ངོ་དགའ་དང་ཕྱི་འཇམ་ནང་རྩུབ། །
བྱམས་ལྡན་བོད་པ་ཚོས་བསླབ་གཞི་གྱུར་ཡོད། །
རྟག་དང་རྟེན་འབྲེལ་གྱི་གསོལ་ཚིགས་མང་ས། །
ཚ་ཚ་འུར་འུར་གྱི་ལ་རྒྱ་མཆོད་ས། །
༈ཀུན་དགའ་རྭ་བ་དང་སང་ལམ་གསུམ་མདོར། །
སྙིང་སྟོབས་བླ་མེད་ཀྱི་ན་གཞོན་མངའ་ཡང། །
མཉོམ་ལག་རྒྱས་ཡུལ་གྱི་ཁ་དབུགས་བཙོག་པའི། །
མདུན་སྐྱོད་ལམ་ངོགས་སུ་བཀག་རྡོ་འབེལ་བའི། །
སྤྱི་སེམས་རྡོག་རྡོག་དེ་རྒྱང་ལ་འདོར་ནས། །
ཚ་ཚ་འུར་འུར་གྱིས་ལ་རྒྱ་མཆོད་སོང། །
༈སྐྱིད་ཆུ་སྔོན་མོ་དེ་ལྦུ་ཆང་གྱུར་ཡོད། །
གཞལ་ཡས་ཁང་བཟང་ཀུན་ཆང་ཁང་གྱུར་ཡོད། །
ལྷ་འདྲེ་ཀླུ་ཚོགས་དང་མགྲོན་པོ་དག་ལ། །
འགན་ཁག་དཀྲི་འདོད་ཀྱི་སྤོབས་པ་མཆིས། །
རང་ནུས་ཅི་ལྕོག་གི་ལས་ཤིག་བྱེད་འགྲོ། །
ཚ་ཚ་འུར་འུར་གྱི་ལ་རྒྱ་མཆོད་འགྲོ། །
༈ལ་རྒྱ་མཆོད་སྟངས་དེ་འགྲིག་མིན་མི་ཤོད། །
ལ་རྒྱ་མཆོད་མཁན་གྱི་ལས་དབང་ཤེས་འདོད། །
ལ་རྒྱ་མཆོད་ལུགས་ཀྱི་ཉམས་འགྱུར་མི་གཙོ། །
ལ་རྒྱ་མཆོད་ཡུལ་གྱི་གནས་དེ་རྟོགས་འདོད། །
ལ་རྒྱ་མཆོད་དོན་གྱི་རྐྱེན་དེ་འཚོལ་འདོད། །
ཚ་ཚ་འུར་འུར་གྱིས་ལ་རྒྱ་བཙལ་འདོད།།
- ཟིན་ཐོ་གོང་མ།ཆང་འཐུངས་རོལ་བ།
- ཟིན་ཐོ་འོག་མ།བྱམས་ལྡན་མ་ལོའི་དྲིན་དེ་དྲན་དྲན་དྲན།