འབོད་པ།
གངས་ཀྱིས་ལ་ཐོད་བཅིངས་པའི་རྫ་རི་ཡི་འདབས་ན།
བདག་མེད་ཁེ་རྐྱང་ཉུལ་བའི་རྐྱང་ཤེས་ལ་བསམ་ཚེ།
རྣམ་རྟོག་འཆིང་རྒྱ་གྲོལ་བའི་དབེན་ཁྲོད་ཀྱི་ཞིང་ན།
འདུ་འཛི་རྒྱང་མཚམས་གཅོད་པའི་སྒོམ་ཆེན་དེ་དྲན་བྱུང་།
ལྗང་མདོག་གཡུ་ལོ་རྒྱས་པའི་ཚང་ཚིངས་ཀྱི་དབུས་ན།
འཇོལ་མོས་གསུང་སྐད་སྙན་མོས་དྲུག་འགྱུར་ནི་ངོམ་བཞིན།
འཕུར་ལྡིང་རང་དགར་བསྒྱུར་བའི་བག་ཡང་དེ་ངོམ་ཚེ།
རྒྱང་བཞུད་ལེ་བར་ཆོད་པའི་གཤེས་གཉེན་དེ་དྲན་བྱུང་།
རི་སུལ་འདབས་ནས་བཞུར་བའི་རྒྱ་མཚོ་ཡི་གཏིང་ན།
གསེར་ཉས་རྐྱལ་རྩལ་ངོམ་བཞིན་ལྡེམ་འཁྱུག་དེ་མཐོང་ཚེ།
རྣམ་དཔྱོད་ངར་ཁ་བླུད་པའི་རྩོད་སྒྲ་ཡི་གླིང་ན།
རིགས་པའི་གླིང་བུ་གཏོང་བའི་བོན་གྲོགས་དེ་དྲན་བྱུང་།
སྡོང་ལོ་མལ་དུ་ལྷུང་བའི་སྟོན་འཇུག་གི་དུས་ན།
ཁྲུང་ཁྲུང་གྲང་ལ་མི་གཟོད་ལྷོ་མོན་ལ་ལོག་ཚེ།
སྦྲ་ནག་གངས་ཀྱིས་གཡོགས་པའི་སླས་ར་ཡི་ཟུར་ན།
རེ་འབུར་བཞིན་ནས་མངོན་པའི་རྒན་རྒོན་དེ་དྲན་བྱུང་།
ཕམ་ཁ།
ཞིང་གཤིན་པོ་རི་བོའི་འདབས་ནས་སྐོམ།
ནོར་དཀར་ནག་རྒྱ་གྲོང་ཁྲོམ་དུ་བརླག
དྲིན་ཕ་མ་རྒན་གསོ་ཁང་དུ་སྐྱེལ།
བོད་མེས་པོའི་གོམས་སྲོལ་ཉམས་ལ་ཁད།
འདི་དུས་ཀྱིས་བྱིན་པའི་ཕམ་ཁ་ཡིན།
གོས་རྒྱན་ཆས་རང་ལུས་སྟེང་ནས་བཤུ།
འདོན་ཀ་ཁ་ལྕེ་རྐན་བར་ནས་ནུབ།
བྱམས་སྙིང་རྗེ་ཡ་ཆུང་སེམས་ནས་ཡལ།
ལས་དགེ་སྒྲུབ་འདུ་འཛི་གསེང་ནས་བཤོལ།
འདི་དུས་ཀྱིས་བྱིན་པའི་ཕམ་ཁ་ཡིན།
ཕ་བོན་པོའི་སྒོམ་སྒྲུབ་ཁ་ལ་ཁྱེར།
བེན་སེར་མོའི་འཆད་ཉན་རླུང་ལ་སྤུར།
བར་སྐྱ་བོའི་ཁ་འདོན་གླུ་རུ་གྱེར།
དགོན་དབེན་གནས་འདུ་འཛིའི་གྲོང་དུ་བསྒྱུར།
འདི་དུས་ཀྱིས་བྱིན་པའི་ཕམ་ཁ་ཡིན།
བསྭོ་སྒྲ།
འཛམ་གླིང་རྩེ་མོ་རྟག་གཟིགས་ཡུལ་གྲོང་དེར།
རིག་པའི་དཔའ་བོ་སྟོན་པ་གཤེན་རབ་འཁྲུངས།
བསྟན་པའི་ཐོག་མ་ཐེག་པ་རིམ་དགུ་གསུངས།
ཡི་གེའི་ཕྱི་མོ་འཕྲུལ་ཡིག་བཞི་བཅུ་ཕབ།
ལུས་ཁམས་གསོ་བྱེད་སྨན་གྱི་འབུམ་བཞི་བསྟན།
སྤུ་རྒྱལ་རིམ་བྱོན་བོད་ཡུལ་རུ་བཞི་ལ།
རྒྱལ་གྱི་དང་པོ་གཉའ་ཁྲི་ཡབ་སྲས་ཀྱིས།
ཡུལ་གྱི་དང་པོ་ཡར་ལུང་སོག་ཁ་བཏབས།
མཁར་ལ་སྔ་བ་ཕྱིང་བ་སྟག་ཙེ་བཞེངས།
གཤེན་ལ་སྔ་བ་སྣང་བ་མདོག་ཅན་གྱིས།
བོན་ལ་སྔ་བ་མདོ་སྔགས་བོན་སྡེ་སྤེལ།
སྤྲིན་དཀར་འོག་གི་མུ་མེད་རྩ་ཐང་དུ།
སྦྲ་ནག་འདབས་ནས་མ་ཏྲིའི་གྱེར་དབྱངས་འཐེན།
གྱང་ཁང་ཕུགས་སུ་རྩི་བཅུད་མཆོད་མེ་སྒྲོན།
པགས་རྩག་རུམ་དུ་ནས་འབྲུའི་རྩམ་རྡོག་ཉར།
ལྷ་འདྲེའི་གྲོང་དུ་གཤེན་གླུ་བྲོ་གར་བརྡུང།
རིག་རྩལ་མགྲན་ཆེད་སྒྲུང་དང་ལྡེའུ་སྒུལ།