ཧི་བོན་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ། | 2013/8/9 18:12:00

སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ།

ཀུན་དགའ་ཡེ་ཤེས།

སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློ་ནི་མིའི་རིགས་ཀྱི་མཚན་ཉིད་རིག་པའི་དགོངས་དོན་ཐོག་མའི་གྲས་སུ་གཏོགས་ཤིང་། དེ་ནི་ཆོས་ལུགས་མི་འདྲ་བའི་བསམ་བློ་ལ་ཁྱད་པར་འབྱེད་བྱེད་ཀྱི་གནད་རྩ་ཆེན་ཞིག་ཏུ་ཆགས་ཡོད། དེ་ཉིད་འཛམ་གླིང་གི་ཤེས་རིག་ཁྱབ་ཁོངས་གང་ཞིག་ནས་མཆེད་ཡོང་བ་ལ་ད་བར་ཁ་གསལ་གྱི་དཔྱད་ཞིབ་བྱས་པ་མཐོང་མ་བྱུང་། བོད་ཀྱི་ཤེས་རིག་ཞིབ་འཇུག་པ་ཁག་ཅིག་གིས་དེ་ལ་དོགས་སློང་རེ་འགའ་བྱས་པ་ཡང་གྲུབ་མཐའ་དང་ནང་འགལ་གྱི་བར་ཆད་དུ་འགྲོ་ཉེན་བསམ་ནས་ཚོད་འཛིན་བྱས་སྐད། ཡིན་ན་ཡང་ཤེས་རིག་གི་འཚོལ་དཔྱོད་ལམ་བུ་འདིར། ང་ཚོས་གོ་ལོག་འགྲེལ་ལོག་བྱེད་དགོས་མེད་པས།  བོད་ཀྱི་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་གནད་འདི་ལ་མུ་མཐུད་ནས་དཔྱད་ཞིབ་བྱས་ན་དགེ་མཚན་ཆེ་བ་ལས་ཉེན་ཁ་དང་ཕོགས་ཐུག་བྱེད་འགྲོ་ས་ཅང་མེད་སྙམ། དེ་བས་ཉེ་ཆར་བོད་མདོ་དབུས་ཁམས་གསུམ་གང་ས་ནས་ལག་སོན་བྱུང་བའི་དམངས་ཁྲོད་ཀྱི་གཏོ་གཞུང་མང་དག་ཅིག་ཀློག་སྐལ་ཐོབ་པ་ལ། ཤེས་རིག་སློབ་གཉེར་རྐྱང་བའི་ངོས་ནས་ཞིབ་ཀློག་དང་དབྱེ་ཞིབ་བྱས་པ་ལས། སྐྱེ་བ་སྔ་ཕྱིའི་ལྟ་དགོངས་ཀྱི་མཚན་ཉིད་རིག་པའི་བསམ་བློ་འདིའི་ཐོག་མའི་འབྱུང་ཁུངས་ནི་བོད་གདོད་མའི་དུས་ཀྱི་ཐ་སྙད་བླ་ཞེས་པ་འདིའི་ནང་དོན་དང་རིག་གནས་རྒྱབ་ལྗོངས་ལ་ཐུག་ཡོད་པའི་ངེས་ཤེས་ཟབ་མོ་སྐྱེས།

       བོན་གྱི་ཡིག་རྙིངཀླུ་འབུམསོགས་སུ་བླ་འཁྱམས་པ་ཞེས་པའི་སྐོར་ལ་གླེང་བརྗོད་བྱས་ཡོད་ཅིང་། དེ་བཞིན་གྱི་བོན་གྱི་ཡིག་རྙིངསྲིད་པ་སྤྱི་མདོསདང་སློབ་དཔོན་པད་མས་མཛད་པར་གྲགས་པའིལྷ་བསང་རྒྱགས་བརྔན་ཆེན་མོདང་། མགོན་པོ་དགྲ་བླ་བཅུ་གསུམ་གྱི་བསང་མཆོད་ལ་སོགས་བོད་ཁུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད་པའི་གཏོ་མདོས་ཀྱི་གཞུང་མང་དག་ཅིག་ན་བླ་དང་བླ་གནས་སོགས་ཀྱི་གླེང་བརྗོད་མང་དུ་བྱས་པ་དེ་དག་གིས་བོད་སྔ་རབས་པའི་མཚན་ཉིད་རིག་པའི་དགོངས་དོན་གསལ་བོར་བསྟན་ལ། དེ་ལས་ཀྱང་གཏོ་གཞུང་འདི་དག་གི་སྲོག་ཏུ་བཟུང་བའི་རི་ཆུ་ཤིང་ནགས་ལ་སོགས་པའི་མཆོད་བསྟོད་ཀྱི་རིག་གནས་རྒྱབ་ལྗོངས་འདི་ཡིས་གདོད་མའི་བླ་ཞེས་པའི་གནས་སྟངས་དང་། སྐྱེ་བར་འགྱུར་བའི་བྱ་དངོས་ཅི་ཡིན་ཐམས་ཅད་ཀྱི་སྲོག་གི་རྒྱུན་གནས་སྟངས་ལ་འགྲེལ་བཤད་གསལ་བོ་བྱས་པ་རེད་སྙམ། ཡང་ན། འདི་ནི་བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱི་ཐོག་མའི་མཚན་ཉིད་རིག་པའི་བསམ་བློ་འབུས་སའམ་འགོ་ཚུགས་ས་ཡིད་སྲིད་ལ། དེ་ཉིད་རིམ་གྱིས་ཤེས་རིག་གི་མ་ལག་ལྡན་པའི་རིག་གཞུང་གི་ངོ་བོར་ཆགས་ཏེ། བོན་པོའི་ཆོས་ལུགས་རིག་གནས་ཁྲོད་ཀྱི་སྲིད་པའི་བོན་གྱི་ལྟ་དགོངས་དང་འབྲེལ་ནས་འཕེལ་རྒྱས་བྱུང་བ་ཡིན་པ་ཤིན་ཏུ་གསལ།

ཏུན་ཧོང་ནས་ཐོན་པའི་བོན་གྱི་ཡིག་རྙིང་དང་། དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་ཡིག་རྙིང་སོགས་སུ་སྔ་རབས་ཀྱི་ཐ་སྙད་མང་དག་ཅིག་ཐོན་པ་ལས། ཁ་ཤས་གནས་རི་དང་། ཁ་ཤས་ཡུལ་ལྷ་གཞི་བདག་སོགས་ཀྱི་མིང་ཡིན་པ་དེ་དག་ཀྱང་མདོ་དེད་ན་བླ་ཞེས་པའི་དམིགས་བསལ་གྱི་ཤེས་པ་ཞིག་ཡོད་པ་ཁས་ལེན་བྱས་པའི་མཚོན་དོན་ཙམ་དུ་ཟད། བླ་གནས་པ་དང་། བླ་ཞེས་པ་རྒྱུན་མེད་པ་ཞིག་ཏུ་འདོད་པ་དེ་ཡིས་བླ་ལ་གནས་ཡུལ་ཞིག་ཀྱང་ཆགས་པ་སྟེ།  དེ་ནི་མིའི་ལུས་ཕུངས་དང་བྲལ་རྗེས་རི་ཆུ་ཤིང་ནགས་ལ་སོགས་པ་སྟེ། བླ་རི་དང་བླ་མཚོ། བླ་ཤིང་དང་བླ་འབུམ་སོགས་སུ་གནས་པ་མཚོན་ཡོད། གནས་གཞི་དེ་དག་དང་ཡུལ་ལྷ་གཉིས་ཀྱི་འབྲེལ་བ་ནི་གདོད་མའི་མི་རྣམས་ཀྱིས་མི་དང་རང་བྱུང་ཁམས་གཉིས་ཀྱི་འབྲེལ་བའི་ཐག་གཅོད་བྱེད་སྟངས་ཤིག་ཡིན་ལ། ཐོག་མའི་ཡུལ་ལྷ་ཞེས་པ་འདི་ནི་བོད་མགོ་ནག་པ་རྣམས་ཀྱིས་རང་གི་ཕ་མེས་ཡང་མེས་རྣམས་ལ་ངོས་འཛིན་བྱེད་པ་ཡིན། འདི་ལ་བོད་ཀྱི་དམངས་ཁྲོད་དུ་གཏམ་རྒྱུད་བཤད་མི་ཚར་བ་ཞིག་ཡོད་ཅིང་།  དམངས་ཁྲོད་ཀྱི་གཏོ་ཡིག་དག་ལས་ཆེས་མངོན་གསལ་དུ་མཚོན་པར་བྱེད་ཐུབ། གདོད་མའི་དུས་ནས་བོད་མི་རྣམས་ཀྱིས་རང་གི་མེས་པོ་རྣམས་འཇིག་རྟེན་མིའི་ཁོར་ཡུག་དང་ཁ་བྲལ་ནས་འཆི་བའི་ལམ་དུ་ཞུགས་ཚེ། དང་བོ་སྲོག་ཆད་པ་ལས་བླའམ་རྣམ་ཤེས་ཀྱི་རྒྱུན་དེ་ཆད་མེད་པར་ངོས་འཛིན་བཞིན་ཡོད། བླ་ཞེས་པ་དེར་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ནས་རྣམ་ཤེས་ཞེས་པའི་ཐ་སྙད་དེར་འགྱུར་བ་བྱུང་ཡོད་ན་ཡང་། ཚེ་སྔ་ཕྱི་ཡོད་པ་དང་སྲོག་དང་རྣམ་ཤེས་ཀྱི་ངོ་བོ་སོ་སོ་ཡིན་པའི་མཚན་ཉིད་རིག་པའི་དགོངས་དོན་འདིའི་ཐོག་མའི་འབྱུང་ཁུངས་ནི་བོན་གྱི་ཤེས་རིག་ཡིན་པ་གསལ་བོར་མཚོན་པ་སྟེ། ཐོག་མའི་སྲིད་པའི་བོན་པོ་རྣམས་ཀྱིས་རང་གི་མེས་པོ་རྣམས་ཚེ་འདི་ནས་ཕྱི་མར་ཆས་ཀྱང་། བླ་ནི་རི་ཆུ་ཤིང་ནགས་སོགས་ལ་བརྟེན་ནས་དུས་ཡུན་ངེས་ཅན་ཞིག་ལ་འཚོ་རྗེས་སླར་ལུས་ཕུང་གཞན་ལ་སྐྱེ་བར་འདོད་པ་ཡིན། རང་གི་ཡབ་མེས་ལ་དད་འདུན་ཡོད་པ་གཞིར་བྱས་ནས།  བླ་དེ་ཉིད་གནས་སའི་བླ་རི་དང་བླ་མཚོ་སོགས་ལ་མཆོད་བསྟོད་བྱས་པས་མི་རང་གི་འཕྲིན་ལས་འཕེལ་རྒྱས་འབྱུང་ཐུབ་པར་ངོས་འཛིན་བྱེད་བཞིན་ཡོད།  བླའི་རིག་གནས་འདི་བོན་གྱི་ཐོག་མའི་བརྗོད་གཞི་གཙོ་བོ་ཞིག་ཡིན་པ་ད་སྔ་ལག་སོན་བྱུང་བའི་བོན་གྱི་གཏོ་ཆོག་གི་གནའ་ཡིག་ཚོགས་པ་དེ་དག་གིས་གསལ་བཤད་བྱེད་ཐུབ་ལ། བླ་ཡོད་པར་འདོད་པ་དེས་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་སྒྲུབ་ཡོད། དེ་ཡིས་ཕྱིར་ན། བོད་ཀྱི་ཚེ་སྔ་ཕྱི་ཡོད་པར་འདོད་པའི་རིག་གཞུང་ལྟ་བ་འདིའི་འབྱུང་ཁུངས་ཀྱང་བོན་གྱི་ཤེས་རིག་གམ་ཞང་ཞུང་རིག་གནས་ཡིན་པར་གླེང་ཆོག་ལ།གཅིག་བྱས་ན་འཛམ་གླིང་རང་བཞིན་གྱི་མཚན་ཉིད་དགོངས་པ་འདིའི་འབྱུང་ཁུང་ནི་གངས་དཀར་ཏི་སའི་མདུན་ནས་མཆེད་པའི་བོན་གྱི་ཤེས་རིག་འདི་ཡིད་ཡིན་ཚོད་ཡོད་དོ། 

བླ་ཞེས་པའི་ཐ་སྙད་དེ་ཞང་ཞུང་སྐད་ཁོངས་སུ་གཏོགས་ན་ཡང་། ད་ཆ་བོད་ཀྱི་བརྡ་ཆད་དུ་གྱུར་བས་ན།གང་ཞིག་བླ་ཡིན་པ་དང་།བླ་མཚོན་བྱེད་ཐོག་མ་ནི་གཟི་དང་བླ་གཡུ་སོགས་ཡིན་པ་དེ་གནའ་རྫས་རྟོགས་དཔྱོད་པ་རྣམས་ཀྱིས་བརྔོགས་འདོན་བྱས་པའི་དུར་དང་བང་སོའི་ངོས་ནས་ཤེས་རྒྱུས་བྱུང་ཡོད་རབ་ཤིན་ཏུ་མང་འདུག ཕྲན་གྱིས་བསམ་ན་ཡང་བླའི་རིག་གནས་འདི་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཆེས་ཐོག་མའི་ཁུངས་སུ་ངོས་འཛིན་བྱེད་ཆོག་པར་སྙམ་ལ། དེ་བཞིན་དུ་བླ་ཡོད་པར་འདོད་པས་གནས་རི་དང་མཚོ་མཚེའུ་སོགས་ཀྱི་དད་མོས་འདི་བྱུང་བས། གངས་རི་དང་གནས་རི། བྲག་རི་དང་བྲག་རྡོ། ལྷ་ཤིང་ལ་སོགས་པས་སྐྱེས་པ་ཕོ་ཡི་བླ་མཚོན་པར་བྱས་པ་དང་། མཚོ་དང་མཚེའུ། ཆུ་དང་ཆུ་ཀླུང་སོགས་ཀྱིས་སྐྱེས་མའི་བླ་མཚོན་པར་བྱས་པ་ཡིན།       

སྐྱེ་བ་སྔ་ཕྱི་ཡོད་པའི་ལྟ་དགོངས་འདིའི་ཐོག་མའི་འབྱུང་ཁུངས་བོན་པོ་རེད་ཟེར་ན་མང་པོ་ཞིག་གིས་མགོ་དབྱུག་སྲིད།      འོན་ཀྱང་བླ་ཞེས་པ་དེས་འགྲོ་བ་མི་རྣམས་ཀྱི་རྣམ་ཤེས་སམ་ཤེས་པའམ་རིག་པ་དེ་ཉིད་ཀྱི་གནས་ས་ལྟ་བུ་ཞིག་མཚོན་བཞིན་ཡོད་པ་བོན་མ་ཟད། སྔ་རབས་བོད་ཀྱི་ཡིག་ཆ་རྣམས་ལ་ཅུང་མཉམ་འཇོག་བྱས་པས་གསལ་བོར་ངེས་ཐུབ་པ་ཞིག་སྟེ། ཐོག་མའི་དུས་སུ་བླ་ཞེས་པ་དང་རྣམ་ཤེས་ཞེས་པའི་གོ་དོན་གཅིག་འདྲ་ཆགས་ཡོད་པས་སོ།འདིའི་སྐོར་ལ་ཐུའུ་བཀན་ཆོས་ཀྱི་ཉི་མའི་མཛད་པའིབླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད་ཞེས་པ་དང་།དེ་བཞིན་གྱི་དམངས་ཁྲོད་དུ་དར་ཤུགས་ཆེ་བའི་འདས་མཆོད་སྐོར་གྱི་ཡིག་རྙིང་དེ་དག་ལས་མཚོན་པར་བྱེད་ཐུབ།རྣམ་ཤེས་ཡོད་པར་འདོད་པས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་བླངས་པ་ཡིན་ན། བླ་ཡོད་པར་འདོད་པ་དེས་ཀྱང་དེ་བཞིན་གྱི་གོ་དོན་མཚོན་པ་ཡིན། དེ་བཞིན་བླ་ཡོད་པས་ཡུལ་ལྷ་གཞི་བདག་གི་མཆོད་བསྟོད་བྱེད་སྲོལ་བྱུང་བ་ཡིན་ལ།ཡུལ་ལྷ་གཞི་བདག་མཆོད་པ་བྱེད་བཞིན་ཡོད་པས་རྣམ་ཤེས་ཀྱི་རྒྱུན་དེ་ཁས་ལེན་པའི་གདོད་མའི་བསམ་བློ་དེ་ཉིད་མཚོན་པར་བྱས་པ་ཡིན། 

བླ་ཞེས་པའི་ཐ་སྙད་འདི་དང་རྣམ་ཤེས་ཞེས་པའི་ཐ་སྙད་འདི་གང་ཞིག་སྔོན་དུ་གྲུབ་མིན་ཐད་དབྱེ་ཞིབ་བྱེད་རྒྱུ་ནི་ཅུང་དཀའ་ཁག་ཞིག་ཡིན་ན་ཡང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་དཔྱད་ཞིབ་འབྲས་བུ་ལྟར་ན།བོད་དུ་དུས་རབས་བརྒྱད་པའི་སྐབས་སངས་རྒྱས་ཆོས་ལུགས་དངོས་སུ་མ་དར་གོང་ནས་བླ་ཞེས་པའི་ཐ་སྙད་དེ་ཡོད་པ་མ་ཟད།གནའ་བོའི་ཡིག་ཆའི་ནང་ཐ་ཐོར་ངང་མཐོང་རྒྱུ་ཡོད་ཞེས་གསུང་ལ།དེ་བཞིན་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བརྒྱུད་པའི་རྒྱལ་པོའི་བླ་འབུམ་བཞེངས་པའི་ལོ་རྒྱུས་སོགས་སུ་བླ་ཞེས་པའི་ཐ་སྙད་དེ་སྤྱོད་ཆེ་བ་སོགས་ཀྱི་གནས་ཚུལ་ལ་བལྟས་ན། བླ་ཞེས་པ་ནི་བོད་ཀྱི་ཆེས་སྔ་རབས་ཀྱི་ཐ་སྙད་ཅིག་ཡིན་པ་གསལ། སྤྱི་ལོ་༢༠༠༦ལོ་ཡས་མས་ལ་བོད་ལྗོངས་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་སོན་བྱུང་བའི་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་ནང་གི་ཤ་རུ་ཤུལ་སྟོན་གྱི་རབས་ཞེས་པ་སོགས་སུ་བླ་ཞེས་པའི་ཐ་སྙད་ དེ་ཐེངས་༨ཙམ་བྱུང་ཡོད་པ་སོགས་ལ་བལྟས་ན། བླ་ཞེས་པའི་ཐ་སྙད་འདི་ཆེས་གདོད་མའི་བརྡ་ཞིག་ཡིན་པ་ཐེ་ཚོམ་འཛིན་དགོས་དོན་མི་འདུག་ལ།  དེའི་ཁུངས་ཀྱང་ཞང་ཞུང་ཞིག་གནས་ཀྱི་ཁྱབ་ཁོངས་སམ། སྲིད་པའི་བོན་པོ་རྣམས་ཀྱིས་རང་གི་ལུས་སྲོག་གཉིས་དང་འབྲེལ་བའི་ཤེས་པའི་རྒྱུན་གྱི་གྲུབ་ཆ་གལ་ཆེན་ཞིག་ལ་བརྩིས་ཡོད་པ་གསལ།  

འཆི་བ་དང་ཚེ་མཇུག་རྗོགས་པའི་ངོ་བོ་འདི་ཤེས་པ་གསལ་བོ་ལྡན་པའི་སྲོག་ཆགས་རྣམས་ལ་སྐྱོ་ངལ་ཆེན་པོ་ཞིག་ཡིན་པས་ན། གདོད་མ་ནས་མི་རྣམས་ཀྱིས་ཚེ་ཟད་ཀྱང་བླ་མི་ཟད་པའི་ངོས་འཛིན་ལ་བརྟེན་ནས། ཕ་མེས་ཡང་མེས་གང་ཞིག་འཆི་བ་ལ་ཕྱོགས་ཚེ་དེའི་བླ་གནས་ས་རི་དང་ནགས་ཚལ། མཚོ་དང་མཚེའུ་སོགས་ལ་བཅོལ་ཡོད་པ་རེད། དེ་ཡི་ཕྱིར་ན། གནམ་ལ་གནམ་གྱི་ལྷ་ཡོད་པ་དང་། རི་ལ་རི་ཡི་ལྷ་ཡོད་པ། ཆུ་དང་ནགས་ལ་ཡང་དེ་བཞིན་གྱི་མིའི་བྱེད་ནུས་ལས་འདས་པའི་སྲོག་ཆགས་གང་རུང་ཞིག་ཡོད་པར་འདོད་པ་འདི་བླའི་རིག་གནས་ཀྱི་སྟེང་ནས་འཕེལ་རྒྱས་བྱུང་བར་བསམ་པ་ཡིན།དེ་ཡིས་ཕྱིར་ན།བླ་ཞེས་པ་ནི་བོད་ཀྱི་ཡུལ་ལྷ་གཞི་བདག་གི་མཆོད་བསྟོད་བྱེད་པའི་ལུགས་སྲོལ་འདིའི་འབྱུང་ཁུངས་ཡང་ཡིན་པ་གསལ།དུས་ཕྱིས་སུ་བོད་ཡུལ་ཀུན་ཏུ་དར་ཡོད་པའི་ཆོ་གའི་རིམ་གྲོ་སྤེལ་ལུགས་ལས་སྔགས་འཆང་ཞེས་པའི་དམིགས་བསལ་གྱི་བྱེད་ལས་མཁན་དེ་ལ་མཚོན་ན།བླ་ཞེས་པ་དང་རྣམ་ཤེས་ཞེས་པ་ལ་སོགས་པའི་དགོངས་དོན་ལ་ཆ་རྒྱུས་ཞིབ་ཕྲ་ཡོད་དགོས་པ་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་ཆགས་ཡོད་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའིགསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པའི་ལྷ་གཉན་ཤེལ་སྒོང་ཞེས་པའི་ནང་གསལ་ལ།འདས་མཆོད་ཀྱི་གཞུང་ལ་ལའི་ནང་དུ་ཐོག་མར་གཤིན་པོའི་བླ་དེར་སེམས་གསོ་བྱེད་དགོས་པའི་སྐོར་བསྟན་ཡོད་པ་དེ་དག་གིས་ཀྱང་བླ་དང་རྣམ་ཤེས་གཉིས་ཀྱི་མཚོན་དོན་གཅིག་མཐུན་དུ་འགྲོ་བ་མཚོན་ཐུབ།    

བླ་གནས་པར་འདོད་པ་དང་།བླ་རི་དང་བླ་གནས་གྲུབ་པར་འདོད་པ་དེ་ཡིས་བོད་ཀྱི་ཡུལ་ལྷ་གཞི་བདག་གི་ཁམས་ཡོད་པར་འདོད་པའི་ལྟ་བ་དེ་གྲུབ་ཡོད་ཅིང་།དེ་ལ་བརྟེན་ནས་གནས་རི་སོགས་ལ་དད་མོས་ཀྱི་འདུ་ཤེས་འཕེལ་རྒྱས་བྱུང་བ་ཡིན།བོད་ཀྱི་གནས་རི་ལ་དད་མོས་བྱེད་སྲོལ་འདི་ནང་བའི་ཆོས་ཀྱི་དགོངས་པ་ལས་འདས་པའི་དམངས་ཁྲོད་ཀྱི་དད་མོས་སུ་གཏོགས་ཤིང་། དེས་བོད་མི་རྣམས་ཀྱི་གདོད་མའི་རང་བྱུང་ཁམས་ཆེན་པོ་ལ་འཛིན་པའི་ལྟ་ཚུལ་མཚོན་བཞིན་ཡོད་པ་མ་ཟད།བོད་ཀྱི་མི་རྒྱུད་མཆེད་ཁུངས་ནས་ཤེས་རིག་གི་མྱུ་གུ་འབུས་པའི་དབུ་བརྙེས་པ་མཚོན་ཡོད།བླའི་རིག་གནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གཏོ་མདོས་གླུད་གཏོང་གི་ཆོ་ག་སྣ་ཚོགས་དར་རྒྱས་བྱུང་བ་སྟེ།དེ་ནི་བོན་པོའི་རིག་གཞུང་ཙམ་གྱིས་མ་ཚད་པར་བོད་ཀྱི་མེས་པོ་ཚོའི་ལྟ་དགོངས་ཞིག་ཡིན་པས་ན།ད་ལྟའི་དུས་བཞིན་བན་བོན་གྲུབ་མཐའི་རྩོད་ཉོག་གི་ལམ་ནས་གདོད་མའི་བྱེད་སྟངས་ལ་དམའ་འབེབས་ཀྱི་ཚིག་མཚོན་འདེབས་དགོས་དོན་མི་འདུག

སངས་རྒྱས་ཆོས་ལུགས་བོད་ལ་དར་ཕྱིན་ནས་བླ་ཞེས་པའི་གོ་དོན་ལ་འགྱུར་བ་བྱུང་སྟེ་ཁྱད་པར་དུ་འཕགས་པའི་དོན་ལ་སྦྱར་ཅི་ཐུབ་བྱས་ཡོད་མོད་ཀྱི།དེ་ཉིད་ཐོག་མའི་བླ་ཞེས་པའི་གོ་དོན་དང་འགལ་ཟླ་འགྲོ་བ་མ་ཡིན་ཏེ།བླ་ནི་སྨྲ་ཤེས་ཤིང་དོན་གོ་བ་རྣམས་ཀྱི་ཆེས་གལ་ཆེ་བའི་གནད་དང་བོ་ཡིན་པས་ན།འདུས་བྱས་ཀྱི་གཟུགས་ཕུང་འདི་དང་འབྲེལ་ཚད་ལས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་དེ་ལ་བླ་ཞེས་བཏགས་པས་རེད།བླ་དང་རྣམ་ཤེས། སྲོག་དང་རླུང་སོགས་ཀྱི་ཐ་སྙད་འདི་དག་མཁས་པ་ཁ་ཅིག་གིས་གཅིག་མཐུན་མིན་པར་བཤད་ན་ཡང་། ནང་བའི་དགོངས་དོན་གྱི་རྣམ་ཤེས་ཞེས་པ་ནི་བློའི་ཡུལ་དུ་མ་སྤུངས་པ་ལྟར་སྣང་ཞིང་། རང་སྟོབས་ཀྱིས་ཡུལ་གྱི་ངོ་བོ་སོ་སོར་རྣམ་པར་རིག་པ་མ་ཟད།     སྲོག་དང་བྲལ་ན་རྣམ་ཤེས་འཕོ་བའི་བུ་ག་དགུ་གང་རུང་ནས་མི་ལུས་དང་འབྲལ་བར་འགྱུར་བར་བཤད་པས་ན། བོན་པོ་རྣམས་ཀྱི་བླ་ངོས་འཛིན་བྱེད་སྟངས་དང་འགལ་བ་མེད་དོ། ། དྲེ་སྟོན་རྒྱལ་མཚན་དཔལ་གྱིསབཀའ་ལུང་སྤྱིའི་འགྲེལ་བ་བོན་སྒོ་གསལ་བྱེདནང་དུ་བླ་ནི་ཡིད་ཀྱི་ཆོ་འཕྲུལ་ཡིན། ཡིད་ནི་སེམས་ཀྱི་འཕྲོ་འདུ་ཡིན། སེམས་ནི་ཀུན་གཞི་བདལ་ཁྱབ་ཡིན་ཞེས་དང་། དེ་གསུམ་གྱི་འབྲེལ་བ་ནི་སེམས་ནི་མེ་དང་། ཡིད་ནི་མེ་འོད། བླ་ནི་མེའི་དུ་བའོཞེས་དེ་གསུམ་གཅིག་ལ་གཅིག་འབྲེལ་གྱིས་ངོ་བོ་སོ་སོར་དབྱེ་ཐབས་མེད་པའི་དགོངས་དོན་ཞིག་ཀྱང་བསྟན་ཡོད།

བླའི་རིག་གནས་དང་འབྲེལ་ནས་བླ་རི་དང་བླ་མཚོ། བླ་ཤིང་དང་བླ་རྡོ། བླ་འབུམ་ལ་སོགས་པ་བསྟེན་པའི་སྲོལ་བྱུང་ཞིང་། བླ་རི་དང་བླ་མཚོ། བླ་ཤིང་དང་བླ་རྡོ་གང་ཡིན་རུང་གནས་རི་མཆོད་པའི་སྲོལ་ལུགས་སུ་འགྲོ་བས་ན། གནས་རི་ཞེས་པ་ཡང་སྤྱི་ཁྱབ་ནས་བླ་རི་ལ་སོགས་པའི་དོན་ཡིན། འདིའི་སྐོར་ལ་དེ་སྔའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྲོད་ཉམས་ཞིབ་བྱེད་མཁན་ཁག་ཅིག་བྱུང་ཡོད་ཅིང་། ཁོང་དག་གིས་དཔྱད་འབྲས་ལ་ད་དུང་བསམ་གཞིག་གི་དྲ་རྒྱ་ཤནི་ཏུ་མང་། ། 

མདོར་ན། བླ་ཞེས་པ་འདི་བོད་ཀྱི་མི་རྣམས་ཀྱི་ཆེས་གདོད་མའི་ཚེ་སྲོག་གི་ལྟ་སྟངས་ཤིག་ཡིན་ལ། བླའི་རིག་གནས་ནི་གདོད་མའི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། བླའི་རིག་གནས་ནི་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པའི་མཚན་ཉིད་རིག་པའི་བསམ་བློ་དེའི་འབྱུང་ཁུངས་ཡིན་ལ། བླའི་རིག་ནགས་ནས་བོད་ཀྱི་མེས་པོ་ཆོའི་རང་གི་ཕ་མེས་ཡང་མེས་ལ་བརྩི་མཐོང་ཅི་འདྲ་བྱེད་བཞིན་ཡོད་པ་མཐོང་ཐུབ།

བླ་ལ་བརྟེན་ནས་བོད་ཀྱི་མི་རྣམས་ལ་གོམས་ལོབས་སུ་སོང་ཡོད་པའི་རྒྱན་ཆའི་རིགས་མང་པོ་ཞིག་དར་བ་བྱུང་ཞིང་།     དེ་བཞིན་བླའི་རིག་གནས་ལ་བརྟེན་ནས་བོད་ཀྱི་ཡུལ་ལྷ་གཞི་བདག་གི་མཆོད་པ་དང་། གནས་རི་དང་བླ་མཚོ་ལ་སོགས་པའི་དད་མོས་བྱེད་སྲོལ་འདི་བྱུང་བ་ཡིན་པར་འདོད་པ་ཡིན། གནས་རི་དང་བླ་མཚོ་སོགས་དང་ཡུལ་ལྷ་གཞི་བདག་གི་འབྲེལ་བ་ནི་གནས་དང་གནས་གཞིའི་འབྲེལ་བ་ཡིན་ལ། གནས་རི་ལ་སོགས་པ་ནི་ཡུལ་ལྷ་གཞི་བདག་འདུག་ས་ལྟ་བུ་ཡིན། ཡུལ་ལྷ་གཞི་བདག་ཡོད་པར་འདོད་པ་དང་། གནས་བདག་ཡོད་པར་འདོད་པ་ནི་བོད་ཀྱི་རྣམ་ཤེས་ཀྱི་རྒྱུན་ཡོད་པར་འདོད་པའི་ལྟ་བ་དང་འབྲེལ་ཡོད་ལ།     ལྟ་བ་དེས་ནི་བོད་མི་རྣམས་ཀྱིས་རང་གི་ཕ་མེས་ཡང་མེས་ལ་བརྩི་བཀུར་དང་། རྗེས་དྲན། ཡང་ན་བླ་རྒྱུན་མ་ཆད་པར་འདོད་པ་མཚོན་པ་ཡིན་ནོ། །

Re:སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ། | 2021/1/15 17:48:32
སྐུ་མགྲོན་u85Csg(སྐུ་མགྲོན)སྐྱེ་བ་སྔ་ཕྱི
རྩོམ་པ་པོ།:སྐུ་མགྲོན་u85Csg(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ། | 2014/6/8 11:04:02
སྐུ་མགྲོན་N63Umy(སྐུ་མགྲོན)སྐྱེ་བ་སྔ་ཕྱིའི་ལྟ་དགོངས་ནི་བོད་ཀྱི་ཤེས་རིག་ཁྲོད་ཀྱི་དཔྱད་གཞི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པས་ན། རིག་ལྡན་ཀུན་གྱིས་འདི་ལ་ད་དུང་བགྲོ་གླེང་མང་དུ་བྱེད་འོས།།
རྩོམ་པ་པོ།:སྐུ་མགྲོན་N63Umy(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ། | 2013/8/17 18:01:10
སྐུ་མགྲོན་8cs1Vi(སྐུ་མགྲོན)རྒན་ཀུན་དགའ་ཡེ་ཤེས་ལགས་ཧི་བོན་ཟིན་གཞིས་སུ་ཕེབས་པར་དགའ་བསུ་དང་ལྷན། འདི་དང་འདི་ལྟ་བུའི་རིན་ཐང་ཅན་གྱི་ལེགས་རྩོམ་ཆུ་བོའི་རྒྱུན་བཞིན་གནང་བའི་བཀྲ་ཤིས་དགའ་འབོད་ཞུ་བཞིན་མཆིས།
གུས་གྲོགས་ཁྱུང་གསེར་ཞུན་ནས།
རྩོམ་པ་པོ།:སྐུ་མགྲོན་8cs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་བསམ་བློའི་འབྱུང་ཁུངས་གང་ལ་གཏུག་དགོས་སམ། | 2013/8/13 9:35:12
སྐུ་མགྲོན་L52Skw(སྐུ་མགྲོན)དཔྱད་ལེགས།
རྩོམ་པ་པོ།:སྐུ་མགྲོན་L52Skw(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...

Powered by Oblog.