ཧི་བོན་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དྲ་བའི་འཇིག་རྟེན། | 2013/8/9 17:29:00

དྲ་བའི་འཇིག་རྟེན།

ཀུན་དགའ་ཡེ་ཤེས།

མིའི་རིགས་གདོད་མའི་བླུན་རྨོངས་ཀྱི་འཇིག་རྟེན་ནས་ཤེས་རིག་གི་ཁམས་སུ་བསྙེགས་ཤིང་།  ཤེས་རིག་གི་ཞིང་ཁམས་དེ་ནས་ཤར་ནུབ་ལྷོ་བྱང་གི་ཤེས་རིག་དང་།  རྒྱ་བོད་ཧོར་སོག་ལ་སོགས་པའི་ཐུན་མིན་ཤེས་རིག་གི་ཞིང་ས་བསྐྲུན་པ་ལ་འབད་པ་བྱས་ནས་དུས་ཡུན་རིང་པོ་འདས་རྗེས།  དྲ་བའི་ལག་རྩལ་གྱིས་སྣེ་ཁྲིད་པའི་འཛམ་གླིང་ཤེས་རིག་གི་གཅིག་འདྲེས་གོམས་སྟབས་ཀྱིས་ང་ཚོ་དང་ང་ཚོའི་རིག་གནས་ཀྱི་ལྕགས་མཁར་བཙན་པོ་དེ་ཡང་གཏོར་ཟིན།  སྔར་སོང་གི་ཆིག་རྐྱང་རིག་གནས་སམ་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ནས་བློ་གྲོས་ཀྱི་རྩལ་ཁ་འགྲན་རེས་བྱས་པ་ལ།  མ་ལེགས་པ་དང་རྗེས་སུ་ལུས་པའི་རྣམ་པ་ཅི་ཡང་མངོན་མེད་མོད་ཀྱང་།  ད་ནི་དྲ་བའི་འཇིག་རྟེན་གྱི་ཕྱི་རིམ་བཙན་པོ་དེས་གོ་ལ་ཡོངས་སུ་བསྐོར་ཟིན་པས།  འདི་ཉིད་ལ་ངོ་རྒོལ་དང་།  ཡིད་རྟོན་བོར་བ་ཡིན་ན།  མི་རབས་འདི་དང་དུས་རབས་འདི་ཡིས་བླུན་རྨོངས་དངོས་ཡིན་པར་གཏན་ལ་ཕབས་ཟིན་འདུག དེ་ཡིན་ཕྱིར་ན། དྲ་བ་ནི་འཚོ་བ་ལས་འབྲལ་ཐབས་མེད་པར་གྱུར་ལ།   དྲ་བའི་འཇིག་རྟེན་འདི་ལ་ངེས་པར་རོལ་དགོས་པ་ནི་འུ་ཅག་གི་ལས་འགན་ཞིག་ཏུ་ཡང་གྲུབ་ཟིན།

གློག་བརྙན་འཁྲབ་ཁྲིད་པDschami Lluisཡིས་འཁྲབ་གཞུངགནམ་བདག་གིས་ཀྱང་སྨྱོ་ལས་བྱེད་སྲིདཞེས་པའི་ནང་དུ་འཁྲབ་ཚན་ཞིག་ཏུ་དམ་བུ་ཆུང་ཆུང་ཞིག་གི་གནས་ཚུལ་བཀོད་ཡོད་པ་སྟེ།  འཕུར་བསྐྱོད་པ་ཞིག་གིས་མཁའ་དབྱིངས་ནས་དམ་བུ་ཆུང་ཆུང་ཞིག་ས་ལ་གཡུག་པ་དང་།  དེ་ཉིད་དེང་རབས་རིག་གནས་ལ་འབྲེལ་འདྲེས་རྩ་བ་ནས་མེད་པའི་གདོད་མའི་འཚོ་ཐབས་ལ་བརྟེན་པའི་ཡུལ་ཁ་ཞིག་ཏུ་མི་གླེན་ཅོང་ཞིག་གི་ལག་ཏུ་སྙེད། མི་དེ་ལ་ངོས་འཛིན་ཅི་ཡང་མེད་པར་ཁོ་རང་གནས་སའི་ཤོག་ཁ་དེའི་མི་རྣམས་ལ་བསྟན་པ་དང་།  མི་རྣམས་དམ་བུ་འདི་ལ་ཡ་མཚན་ཆེན་པོ་སྐྱེས་པ་སྟེ།  དམ་བུ་འདི་ལས་ཁོ་ཚོའི་གོ་མྱོང་མེད་པའི་སྒྲ་ཁྱད་པར་བ་འབྱིན་ཐུབ་པ་མ་ཟད།  ལུས་ལ་གྱོན་བཞིན་པའི་གོས་ལ་རི་མོ་དཔར་ཆོག་པ་དང་།  སྤྲུལ་གྱི་པགས་པ་མཉེད་ཀྱང་ཆོག་ལ། ཁ་ཟས་བཏུལ་ན་ཡང་ཆོག་པས་དེ་ནི་ལྷ་ཡིས་ཡུལ་འདིར་གནང་བའི་མི་ནུས་པ་ཅི་ཡང་མེད་པའི་ཁྱད་འཕགས་ནོར་བུ་ཞིག་ཏུ་ངོས་འཛིན་བྱས།  དེ་ཡིས་ཕྱིར་ན།  རིམ་གྱིས་དམ་བུ་དེ་མེ་མདའི་ཚབ་བྱེད་དུ་གྱུར་བ་དང་། ཤོག་ཁ་དེའི་གནས་ཡུལ་གྱི་ལྷིང་འཇགས་ལ་ཆག་སྒོ་ཆེན་པོ་བསླངས་འགོ་བརྩམས། མི་རྣམས་ཀྱིས་དམ་བུ་དེའི་བདག་དབང་ཐོབ་ཆེད་ཕན་ཚུན་ལ་ནང་དམེ་བྱས་ཤིང་། ཐོབ་དབང་ཡོད་མཁན་ལ་མགོ་འདོགས་ཞབས་གཡོགས་སྒྲུབ་དགོས་པའི་བཙན་སྐུལ་གྱི་རྣམ་པ་ཡང་ཐོན།  སྐབས་དེར་ཤོག་ཁ་དེའི་དཔོན་པོས་དམ་བུ་དེ་ནི་བཀྲ་མི་ཤིས་པའི་ལྟས་ངན་ཁོ་ནར་ངོས་འཛིན་བྱས་ཏེ་ཤོག་ཁའི་ནང་གི་གྱད་མི་གཉིས་བཏང་ནས་དེ་ཉིད་ཕྱིར་ལྷ་ལ་སྤྲོད་དུ་བཅུག་ན་ཡང་དམིགས་ཡུལ་དེ་འགྲུབ་ཐབས་མེད་པར་གྱུར།       

དྲ་བ་ནི་དངོས་གནས་དེ་ལྟར་ཏེ།  ལྷ་ཡིས་འཇིག་རྟེན་མི་ཡུལ་དུ་འཕངས་པའི་དམ་བུ་དེ་ཉིད་དང་ཡོངས་སུ་མཚུངས། དྲ་བའི་འཇིག་རྟེན་ན་ང་ཚོས་མཐོང་མི་ཐུབ་པ མི་འདུག ལ། དྲ་བའི་འཇིག་རྟེན་ནས་ང་ཚོསསྒྲུབ་མི་ཐུབ་པ ཡང་ཤིན་ཏུ་དཀོན། དྲ་བ་ཡིས་མཐོན་པོའི་གངས་རྩེ་ནས་སྐྱེས་པའི་གངས་ཅན་པ་ཡི་རིག་གནས་ཡོད་ཚད་རྒྱང་རིང་དུབསྐྱལ་ཟིན་ལ། དྲ་བ་ཡིས་ནུབ་ཕྱོགས་གསང་བའི་ཡུལ་གྱི་རྙོག་རྫོབ་རིག་གནས་ཐམས་ཅད་ཀྱང་མཐོ་སྒང་ཨ་མའི་མིག་མདུན་དུ་བཀྲམས་ཟིན།  དྲ་བ་ཡིས་གདོང་བ་དམར་པོ་ཅན་ལ་ལྟད་མོ་གསར་བ་འཁྲབ་བཞིན་ཡོད་ལ། དྲ་བ་ཡིས་ཕྱི་གོས་དཀར་ནག་གྱོན་པ་རྣམས་ལ་འབྱོར་ཕྱུག་གི་དབང་ཐང་སྐྱེད་བཞིན་ཡོད། དྲ་བ་ཡིས་ཆ་འཕྲིན་རིག་གནས་ཐུན་མོང་དུ་ལོངས་སྤྱོད་བྱེད་དུ་བཅུག་ལ།  དྲ་བ་ཡིས་ཁྱོད་ཀྱི་དྲན་སྣང་ཐམས་ཅད་འཇིག་རྟེན་ཡོངས་ལ་བསྒྲགས་ཟིན། 

དེ་ཡིས་ཕྱིར་ན། འདི་ནི་མི་ཐུབ་མི་ནུས་མི་ཤེས་པ་ཅི་ཡང་མེད་པའི་སྒྱུ་འཕྲུལ་མཁན་པོ་ཁོ་ན་རེད། འདི་ཡིས་མི་ཡི་རྒྱུད་ལ་རྙོག་འཛིང་གི་གོ་རིམ་མང་པོ་ཞིག་བཟོས་ཡོད་སྲིད་ལ།  ལེ་ལོ་དང་སྒྱིད་ལུག་གི་ཁོར་ཡུག་གསར་བ་ཞིག་གྲུབ་ཏུ་བཅུག་ཡོད་པ་ཐག་ཆོད། འོན་ཀྱང་།  འདི་ཡིས་རྙོག་དྲ་ཅི་ཙམ་བཟོས་ན་ཡང་།  འདི་ཡིས་མཛེས་སྡུག་ཅི་ཙམ་སྦས་ན་ཡང་། འདི་ལ་ངན་དམོད་ཅི་ཙམ་བྱས་ན་ཡང་།  ང་ཚོ་ནི་ཁོ་དང་འབྲལ་ཐབས་མེད་ལ།  ང་ཚོ་ནི་ཁོ་དང་འཁོན་ཐབས་མེད།  ང་ཚོ་ནི་ཁོ་དང་འབྲེལ་ཐག་གཅོད་ཐབས་མེད་པར་གྱུར་ཡོད། 

དྲན་པ་ལྷོད་ཀྱིས་གསོས་ན། ང་ཚོ་ནི་དྲ་བ་ཁོ་ནས་འཚོ་མི་རུང་།  དྲ་བ་ཁོ་ན་ལ་རེ་བ་བཅོལ་མི་རུང་།  དྲ་བ་ཁོ་ན་ལ་ངང་སྒུག་བྱེད་མི་རུང་། འདས་པའི་དུས་དེར།  དྲ་བ་ཞེས་པའི་ཐ་སྙད་དེ་སླེབས་པའི་ཐོག་མའི་དུས་རིམ་ནང་།  མི་སུ་ཡིན་ཡང་ལག་རྩལ་དེ་ནི་བརྡ་འཕྲིན་དང་ཤེས་རིག་གི་ཡུལ་ལྗོངསལྟ་ན་སྡུག་པ ཞིག་ཏུ་གོ་ལ་བླངས་ཤིང་།   དེ་ལྟར་ཡིན་སྲིད་པ་ལ་ཡིད་ཆེས་དང་ལོངས་སྤྱོད་བྱས་པ་རེད།  ལག་རྩལ་གྱི་རྩེ་མོར་སླེབས་པའི་དྲ་བའི་མཁས་ཆེན་རྣམ་པས་ཀྱང་།  འཛམ་གླིང་ཤེས་རིག་འཕེལ་རྒྱས་ཀྱི་ལྷག་བསམ་རྒྱུད་ལ་བཞེས་ཏེམཛེས་སྡུག་ལྡན་པའི་ཡུལ་ལྗོངས དེའི་ལྡེབས་རིས་རྨད་དུ་བྱུང་བ་ཅི་འདྲའི་མང་པོ་ཞིག་བྲིས་ཟིན་ཨང་།  ཡིན་ན་ཡང་།  ང་ཚོསམཛེས་སྡུག་གི་ཡུལ་ལྗོངས དེ་ཉིད་སྒྲུབ་ཟིན་རྗེས། ཁོར་ཡུག དེ་ན་ཕན་ཚུལ་ལ་སྐུལ་འདེབས་དང་།  མགོ་གཡོག་རྫུན་བཟོ།  བསླུ་བྲིད་དང་གཡོ་འཚོང་གི་ཁེ་ཕན་གྱིས་ཁྱབ་པ་ཡིད་ལ་དྲན་གང་ནས་ཐུབ། 

ཀྱེ། དྲ་བའི་འཇིག་རྟེན་གྱིས་ང་ཚོ་ལ་བསྐྲུན་པའི་དེང་རབས་རིག་གནས་ཞེས་པ་འདི་ལ་ཟེར་དགོས་སམ།

སྟོང་འདུན་མང་པོ་འཆང་མཁན་ཞིག་དང་རྟོགས་འཆར་གྱིས་འཚོ་བའི་རྩོམ་པ་པོ་གཉིས་ལ་ཁྱད་པར་ཡོད་པ་སྟེ།  སྔོན་མས་མ་འོངས་པའི་འཇིག་རྟེན་ནི་ཅི་ཡང་སྒྲུབ་ནུས་པར་འགྱུར་བའི་བདེ་སྐྱིད་རྫོགས་ལྡན་གྱི་ཡུལ་ཁམས་ཞིག་ཏུ་འདོད་སྲིད་ཅིང་།  ཕྱི་མས་ནི་མ་འོངས་པའི་འཇིག་རྟེན་དེ་ཕྱི་ཡོད་ནང་མེད་ཀྱི་འཁྱོག་གཟུགས་སུ་གྲུབ་པའི་ཁོར་ཡུག་ཞིག་ཏུ་འདོད་ངེས། དེང་གི་དྲ་བའི་འཇིག་རྟེན་ནི་འཁྱོག་གཟུགས་སུ་གྲུབ་པའི་འཇིག་རྟེན་དེ་ཉིད་ཡིན་འདུག

དྲ་བ་ལ་ཐོག་མར་ཞུགས་མཁན་སུ་ཡིན་ཡང་།  འདི་ཡིས་རང་ལ་ནམ་ཡང་མཐོང་མྱོང་མེད་པའི་འཇིག་རྟེན་གསར་བ་ཞིག་གི་ཁ་ཕྱེས་པའི་སྣང་བ་འཆར་ངེས་ལ།  འདི་ཡིས་སུས་ཀྱང་སྟེར་མི་ཐུབ་པའི་དགའ་སྤྲོ་དང་ལོངས་སྤྱོད་སྤྲོད་བཞིན་འདུག་པའི་སྣང་བ་འཆར་ངེས།  དེ་ནི་དག་དག་དྲ་བའི་འཇིག་རྟེན་འདི་ཡི་འགུག་ཤུགས་དང་། ཁྱེད་ལ་སྤྲད་པའི་གཡོ་སྒྱུ་ཁོ་ན་རེད།

ཕྱིར་དྲན་ཞིག་བྱས་དུས།  ང་ཚོ་ཐོག་མའི་དྲ་ཚུགས་ལག་རྩལ་ནས་QQབགྲོས་མོལ་མཉེན་ཆས་དང་། དེ་ནས་ཟིན་བྲིས། དེ་ནས་ཟིན་བྲིས་ཆུང་བ། དེ་ནས་wechatབགྲོས་མོལ་མཉེན་ཆས། དེ་ནས་msnནས་skype ད་དུང་facebookགདོང་དེབ་ལ་སོགས།  ད་ནི་ང་ཚོའཇིག་རྟེནའདི་ལས་ཕྱིར་སོང་ན།  རྨི་ལམ་འཁྲུགས་ཀྱང་སྲིད། དེའི་ཕྱིར། དྲ་བའི་ཟིན་བྲིས་ལ་མཚེར་ས་ཞིག་ཅི་ནས་འགོད་དགོས་བྱུང་།  མཚེར་ས་འདི་ཤེས་རིག་ཁོ་ནས་སྤང་ཐང་ཞིག་ཡིན་པར་སྨོན། མཚེར་ས་འདི་ནང་དམེ་དང་གཞན་ལ་སྐུལ་འདེབས་བྱེད་ས་མིན་པར་སྨོན།

རེད་ཨང་། དྲ་བ་ནི་འགྲན་ཐབས་བྲལ་བའི་ལག་རྩལ་ཞིག་རེད། དྲ་བ་ནི་ལས་དོན་འགྲུབ་བྱེད་ཀྱི་བཅའ་ལག་ཞིག་རེད།  དྲ་བ་ནི་རིག་པ་མྱུར་བྱེད་ཀྱི་སྒྱུ་འཕྲུལ་ཞིག་རེད།  དྲ་བ་ནི་འཚོ་བ་སྐུལ་བྱེད་ཀྱི་ལྕགས་ཀྱུ་ཞིག་རེད།  དྲ་བ་ནི་ལུས་ཕུངས་ཉོབ་བྱེད་ཀྱི་ཆང་རགས་ཞིག་རེད། དྲ་བ་ནི་དུས་ཚོད་བརླག་བྱེད་ཀྱི་འཁྲབ་གཞུང་ཞིག་རེད།  དྲ་བ་ནི་སེམས་ཁ་ལྷོད་བྱེད་ཀྱི་རྩེད་རིག་ཞིག་རེད།  དྲ་བ་ནི་ཐམས་ཅད་ནས་ཐམས་ཅད་ཡིན་འདུག 

དྲ་བའི་འཇིག་རྟེན་འདིས་ང་ཚོའི་མི་ཚེ་ལ་ཤུགས་རྐྱེན་བརྗོད་མི་ཐུབ་པ་ཞིག་བཞག་ཟིན།  འདི་ནི་ང་ཚོའི་ལས་དབང་ཡིད་སྲིད་ན་ཡང་།  འདི་ཡིས་ང་ཚོ་ལ་སྤྲོ་ལྷང་ལྷང་གི་སེམས་ཚོར་ཙམ་ལས།  གཉུག་མའི་རྣམ་དཔྱོད་ཀྱི་རྩལ་ཤུགས་གསོན་པོ་དེ་ད་དུང་འགྲོ་བ་མི་ཡི་ཤ་གསེང་རུས་གསེང་ན་རྒྱུ་བཞིན་ཡོད་པའང་མི་བརྗེད་རོགས། 

Re:དྲ་བའི་འཇིག་རྟེན། | 2013/8/13 9:33:40
སྐུ་མགྲོན་L52Skw(སྐུ་མགྲོན)གཏམ་གྱི་འདུ་ར།
རྩོམ་པ་པོ།:སྐུ་མགྲོན་L52Skw(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དྲ་བའི་འཇིག་རྟེན། | 2013/8/9 23:03:57
སྐུ་མགྲོན་Kpg6JV(སྐུ་མགྲོན)ཡག
རྩོམ་པ་པོ།:སྐུ་མགྲོན་Kpg6JV(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...

Powered by Oblog.