ནུབ་གླིང་ནས་བཏེགས་པའི་ལྷ་རྫས་དཀར་པོ།
ཐོས་བསམ་བརྩོན་པའི་གྲུ་གཟེངས་རིང་དུ་བསྟེན།།
གཞུང་ལུགས་རྒྱ་མཚོའི་དཔལ་ལ་ལོངས་སུ་སྤྱད།།
སྒོམ་འབྱུང་ནོར་བུའི་མཛོད་ལ་མངའ་བརྙེས་པ།།
འདྲེན་མཆོག་མཁྱེན་རབ་རྒྱ་མཚོ་གཙུག་ཏུ་མཆོད།།
འདི་ན་རྩ་བཞིའི་ཕུང་ཁམས་ཉིན་བྱེད་དབང་།།
ཡིད་འོང་སྤྲིན་གྱིས་ལེགས་པར་བརྒྱན་ན་ཡང་།།
སྣ་ཚོགས་དྲི་བཞོན་འབུམ་གྱིས་བསླུས་པ་དེས།།
ཞུ་ཚིག་གཏམ་གྱི་རོལ་དབྱངས་འདི་ལྟར་དཀྲོལ།།
ས་ཐོབ་སེམས་དཔའི་མཛད་པ་ཇི་བཞིན་དུ།།
དག་པ་འོད་ལྔའི་རྒྱལ་ཁྲིར་བཞེངས་ན་ཡང།།
བསམ་བཞིན་རྐང་གཉིས་མི་ཡི་ཟློས་གར་གྱིས།།
འགྲོ་བའི་དོན་དུ་བྱོན་པ་སངས་རྒྱས་ལུགས།།
དེ་ལྟར་སྔོན་བསཊ་བསོད་ནམས་དང་པོའི་གཞིར།།
བསླུ་མེད་ལུང་གིས་བསྟན་པའི་སྐྱེས་མཆོག་ཅེས།།
གང་སྐུའི་མཚན་དཔེ་ཉི་མ་གཞོན་ནུའི་འཛུམ།།
བདག་ཅག་སྐྱེ་དགུའི་མཁའ་རུ་མངོན་པར་ཤར། །
བསླབ་གསུམ་ཁྲིམས་ལྡན་ངུར་སྨྲིག་སྡེར་ཞུགས་ཤིང་།།
ཚད་གསུམ་གཞུང་ལུགས་རྒྱ་ཆེའི་དགོངས་དོན་ལྟར།།
དཔྱད་གསུམ་ཚད་མའི་སྟོབས་ཀྱིས་གཞལ་བྱས་ཏེ།།
སྐུ་གསུམ་རྒྱལ་སར་སྙེགས་པའི་ལམ་བཟང་བསྐྲུན།།
མུན་པའི་རུམ་ལས་བརྡོལ་བའི་འགོང་བོའི་ཚོགས།།
གཟའ་བདུད་འཇིགས་པ་ཆེན་པོའི་ཁ་ཆར་གྱིས།།
བསྟན་པའི་མེ་རོ་ཙམ་ཡང་འཇོམས་ཉེའི་སྐབས།།
རླབས་ཆེན་སེམས་དཔའི་སྙིང་སྟོབས་བྲང་ལ་སྦྱར།།
དེ་ལྟའི་ཁྲོད་དུ་འགྲོ་བ་དམུས་ལོང་འགའ།།
མུན་པའི་ཐང་དུ་འཕྱན་པའི་ངང་ཚུལ་འོག།
གང་སྐུའི་ཉིན་བྱེད་སྒྲིབ་འདོད་ལོག་པའི་ལས།།
ཐོས་ཙམ་གྱིས་ཀྱང་སྙིང་ལ་གཟེར་རེ་འབྱིན།
།
འོན་ཀྱང་ཁྲི་ཆེན་འཇམ་དབྱངས་བླ་མ་ཉིད།།
རྨད་བྱུང་འདུལ་འཛིན་ཁྲུས་ཀྱི་རྫིང་བུ་རུ།།
དྲི་མེད་ཤེལ་སྒོང་བཞིན་དུ་འཚོས་པ་དེས།།
དྲང་སྲོང་རྒྱལ་བ་དངོས་ཞེས་ཀུན་ཏུ་གྲགས།།
རྟོགས་ལྡན་སྨིན་གྲོལ་གཡས་སུ་འཁྱིལ་བ་ཞེས།།
སྙན་པའི་དུང་ཆེན་ཕྱོགས་ཀུན་ཁྱབ་པའི་སར།།
རྟེན་དང་བརྟན་པའི་མཛེས་བཀོད་བསྐྲུན་པ་དེ།།
འགྲོ་བའི་དབུགས་ཆེན་འབྱིན་པའི་ལྟེ་བར་གྱུར།།
ཀུན་མཁྱེན་འཇའ་ལུས་པ་དེའི་སྲོལ་ཇི་བཞིན།།
གསང་ཆེན་རྫོགས་པ་ཆེན་པོའི་སྒོམ་སྡེ་སོགས།།
སྒྲུབ་རྒྱུད་བསྟན་པའི་གནས་གཞི་བསྐྲུན་པ་དེས།།
བསྟན་འགྲོའི་དོན་ཆེན་འགྲུབ་པ་སྨྲོས་ཅི་དགོས།།
ཁྱད་པར་མཉམ་མེད་བླ་མའི་རིང་ལུགས་བཞིན།།
བཀའ་པོད་རྣམས་ལྔའི་གཞུང་ལ་བརྩོན་པའི་སྡེ།།
ཚད་གསུམ་རིག་པའི་བཤད་གྲྭ་བསྐྲུན་པ་སོགས།།
རླབས་ཆེན་མཁས་པའི་མཛད་འཕྲིན་རྨད་དུ་བྱུང་།།
ཟབ་དོན་ཐེག་དགུའི་དགོངས་དོན་ཇི་བཞིན་དུ།
ལེགས་བཤད་མགྲིན་པར་འཁྱིལ་བའི་རྔ་སྒྲ་ཅན།།
གསུང་རབ་གླེགས་བམ་བཅུ་ཕྲག་སྤུངས་པ་དེས།།
རང་ཅག་སློབ་འབངས་བསྐལ་བ་ཤིན་ཏུ་བཟང་།།
མགོན་པོ་ཁྱེད་ཀྱི་ཐུགས་བསྐྱེད་གྲིབ་བསིལ་འོག།
དྲོད་ཀྱིས་གདུང་བའི་འགྲོ་རྣམས་མ་ལུས་ཀུན།།
རིས་མེད་བརྩེ་ཆེན་རྒྱ་མཚོའི་རྦ་རླབས་བཞིན།།
བདག་ཅག་སློབ་བུའི་སྙིང་ཁར་རྟག་ཏུ་ཕོབས།།
དེ་བཞིན་ཚེ་རབས་ནས་ཀྱང་ཚེ་རབས་བར།།
རྒྱལ་གཤེན་ཐེག་པའི་སྒོ་མོར་སླར་མཇལ་ཞིང་།།
བླ་མ་ཁྱེད་ལྟའི་མགོན་དང་སྐྱབས་གནས་རེ།།
རིམ་གྱིས་མཇལ་བའི་གསོལ་བ་སྙིང་ལ་སྦོམ།།
རྒྱལ་བའི་ལུང་དང་རིགས་པས་བསྔགས་པ་ཡི།།
བསྟན་འགྲོའི་མགོན་པོ་ཁྲི་ཆེན་བླ་མའི་ཞབས།།
མི་ཤིག་གཡུང་དྲུང་གཏམས་པའི་བྲག་ཆེན་དུ།།
བསྐལ་བརྒྱའི་བར་དུ་བཞུགས་མཛོད་བླ་མ་ཀྱེ།།
༧རྟོགས་ལྡན་ཁྲི་རིན་པོ་ཆེ་ཞེས་མཁས་བཙུན་བཟང་གསུམ་གྱི་མགོན་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས་དད་པའི་གསོས་སུ་བསྐྱིལ་བའི་སླད་མེད་
ཀྱི་ཆུ་ཐིགས་འདི་མགོན་པོ་གང་ལ་མི་ཕྱེད་དད་པའི་བ་སྤུ་ལང་ལོང་དུ་གཡོ་བའི་དགེ་
མིང་བ་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་རུ་འབོད་པ་དེས་ནུབ་ཨ་རིའི་ཡུལ་དུ་དཀྱིལ་འཁོར་གྱི་གཞི་བཟུང་བ་རྒྱལ་གཤེན་ཞང་བོད་རིག་སློབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥
ཉིན་ཕུལ་བ་དགེ་གྱུར་ཅིག།