ཞབས་རྗེས།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
མ་བཅོས་སེམས་ཀྱི་འདུན་པ་དཀར་པོ་མ་ཕམ་གཡུ་མཚོའི་གཏིང་ལས་ཟབ། །
ལེཊ་བཤད་གསེར་གྱི་ཐིག་ཤིང་དྲང་པོ་གནམ་སའི་བར་ན་ལྷང་ངེར་འཁྱུད། །
བདེན་གཏམ་རིག་པའི་ཁྱེའུ་བསྙོལ་བར་ལ་རྒྱའི་སྤོབས་པ་བྲང་ལས་ལྡིང་། །
ས་ཡ་དྲུག་གི་ཀློང་ནས་ཐོན་ཅིང་འཛམ་གླིང་མཛེས་པའི་གདུགས་ལྟར་གྱུར། །
སྐུ་བརྗིད་མཛེས་སྡུག་མེ་ཏོག་ཆུང་ངུ་རིག་པ་འབྱུང་བའི་གྲོང་ལས་འཚར། །
སྙན་འགྱུར་ངག་གི་འགྱུར་ཁུག་རེ་རེས་ལུས་ཅན་ཀུན་ལ་བདེ་དྲོད་བསྐྱིལ། །
བཞི་ཤད་ཅིག་གི་ལས་ལ་འཁྱུད་པའི་ལྕགས་སྒྲོག་སྤྱན་ཟུང་གཡས་སུ་ཕོག །
རེ་བའི་སྤོབས་པ་ཡིད་ལ་བཅངས་ནས་ཕྲག་དོག་གཏམ་གྱི་སོ་ཕྲེང་གཏོར། །
ཀླད་མེད་དག་གི་ཁ་ལ་མ་ཉན་ཨུ་ཚུགས་སེམས་ཀྱིས་ལྗིད་ཚད་གཞལ། །
རྣམ་རྟོག་བློ་མུག་རྒྱང་དུ་བསྐྲད་ནས་ལོ་རྒྱུས་གསར་རྙིང་བྲང་ཁོག་གཏོར། །
མིང་དུ་གྲགས་པའི་མཁས་པ་འགའ་ལ་བློ་བསྐྱེད་གསེར་ནག་ཁུ་བ་བསིལ། །
གཏན་དུ་བདེ་བའི་བསྐལ་བ་ཕྲ་ཡང་རང་སེམས་གསོ་བའི་མགུར་རེ་བཞེས། །
བཀྲ་ཤིས་འཁྱིལ་གྱི་ཆོས་རའི་ནང་དུ་བུ་ཕྲུག་སྟོང་གི་སེམས་པ་དཀྲིགས། །
ན་ཚོད་མཉམ་པའི་ཆོས་གྲོགས་དུ་མ་ཕྲག་དོག་མཚོན་གྱི་གཡང་ལ་སྦྱར། །
ཐལ་ཤལ་སྤྱོད་པས་རྡོ་དང་དབྱུག་གུ་ཇ་ཤིང་ལ་སོགས་མཚོན་ཆའི་ཚུལ། །
དེ་ཡང་འགྲན་བྲལ་སྐྱེས་བུ་ཞིག་གི་ཁྱད་ནོར་ལྡན་པའི་དཔང་རྟགས་ཡིན། །
ཞབས་སེན་མུ་ཏིག་རེ་ཁ་ཟླུམ་པོ་དབུས་ཕྱོགས་ཆོས་ཀྱི་ཁམས་སུ་བསྒྱུར། །
བཙུན་པའི་ཚོཊ་ཀྱི་རྨི་ལམ་ན་ཡང་དགོད་འཛུམ་བྲལ་བའི་རིག་པ་འབར། །
རིགས་པ་འཕྲུལ་གྱི་སྒྱོགས་རྡོ་སྟོང་གིས་མཁས་རྒུའི་དྲེགས་པ་ས་ལ་བསྒྱེལ།
།
ལེགས་བྱས་རྩོད་པའི་ར་བ་དཀར་པོར་མཁས་སྙན་རྡོ་རིང་གཟུགས་སུ་བཀོད། །
འཆད་པའི་འབབ་རྒྱུན་ཤིན་ཏུ་རིང་བས་རྨ་ཀླུང་བུ་མོའི་དཔལ་ལ་འགྲན། །
རྩོད་པའི་བརྒལ་བརྟག་དོན་ལ་སྦྱོར་བ་གློག་ཞགས་འཁྱུག་པའི་རྗེས་སུ་རྩེན།
།
རྩོམ་རིག་སྦྱོར་བར་རྒྱ་གར་མཁས་པ་ཐེ་ཀོར་གྱིས་ཀྱང་འགྲན་ཟླས་དབེན།
།
ཕྱི་ནང་གྲུབ་མཐའི་གཞུང་ལུགས་ཀུན་ལ་ཐོགས་བྲལ་མཁས་པའི་རྩེ་མོ་བ། །
མཐོ་བརྗིད་དཔའ་བོའི་ཁྲི་ལ་འགྱིངས་པའི་སྐུ་ངོའི་གདོང་ལ་ཞལ་མ་འཛུམ། །
མཉམ་ཆུང་འགྲོ་ཀུན་སྤྲང་པོའི་ཚོགས་ལ་སྡང་བའི་སེམས་པ་ཡེ་ནས་སྤངས། །
སྡེ་བ་གཞུང་གི་གཏུམ་དྲགས་བར་ནས་ཞི་བདེ་བསུ་བའི་ཐུགས་འདུན་མཆོག །
བར་སྐོར་ནང་གི་བཟི་གཏམ་ཀློང་ནས་མཁས་པའི་ཐུགས་ཀྱི་ཀློང་དུ་གཟིམ། །
གནའ་མཁར་སྟོང་གི་བང་རིམ་ཁྲོད་ནས་ལོ་རྒྱུས་གསོན་པོའི་བྲང་ཁ་སློག
།
ངལ་དུབ་སྐོམ་པའི་གདུང་བ་བསད་ནས་མྱ་ངམ་བྱེ་མའི་ཐང་སྟོང་འདུར། །
ཕྱི་རབས་དག་གི་སེམས་ན་བརྐོས་པའི་ཞབས་རྡུལ་རི་མོ་གསེར་ལྟར་གྱུར། །
ངེས་དོན་མཁས་པའི་མཚན་བཟང་ཕུལ་ཏེ་ཁྱེད་ལ་རྟག་ཏུ་སྙན་ངག་འབྲི། །
རྩྭ་རྐང་རྡུལ་ཕྲན་དུད་ཞགས་ཁྲོད་ནས་ལུས་ཀྱི་ངལ་དུབ་མཚམས་རེར་བསད། །
བཅུད་ལྡན་རོ་མཆོག་ཝུ་དཀར་ཀློང་ནས་རྩོམ་རིག་བམ་པོ་བྲག་ལྟར་བརྩིགས། །
ལས་ཀྱིས་ཐོབ་པའི་སྐབས་བསྟུན་མཁའ་འགྲོར་སྦྱོར་སྒྲོལ་ལྟ་བ་རྗེན་པར་ཀླན། །
རབ་ཏུ་བྱུང་བའི་མཛད་རྣམ་དོར་ཅིང་སྔགས་སེམས་སྤྱོད་པའི་རྣལ་འབྱོར་ཚུལ། །
སྒྱུ་རྩོམ་ལེཊ་བཤད་རོལ་མོའི་ཁྲོད་ནས་ཆགས་སྡང་མིག་ཆུའི་ཕྲེང་བ་བགྲང༌། །
མཛངས་བླུན་སྐྱེ་བོ་སུ་ལ་ཐུག་ཀྱང་འཇིགས་བྲལ་ངག་གི་གད་རྒྱངས་འབར། །
སྒང་བ་ཚང་གི་སྤྱི་ཚོགས་ཁྲོད་འདིར་གཟེངས་སུ་མཐོ་བའི་གྲགས་སྙན་ཅན། །
རིས་མེད་སྤྱན་ཟུང་མཁའ་ལ་གཏད་པས་གངས་དཀར་ལྷ་མོའི་རྒྱན་དུ་སྤུད། །
སྐུ་ངོ་བཙན་པོའི་ཞལ་ལྕེའི་འོག་ནས་ལས་ཀླུང་མཐོན་པོའི་དར་ཆ་བཅགས། །
མི་འདོད་བཞིན་དུ་ཕྲ་མཚོན་བཏབ་པས་ཚེ་སྲོག་ཕྲ་མོའི་ཟུངས་ཐག་བཅད། །
ཞལ་གསུང་བཅུད་ཐིགས་གདམ་པ་དུ་མ་ཀླད་མེད་རྒན་པོས་མེ་ལ་བཞུས། །
གདོང་དམར་ཚང་གི་གྱོང་གུད་ལགས་ན་འགྲོ་ཀུན་འཕོང་བའི་གཞི་རུ་གྱུར། །
ངེས་དོན་གངས་རིའི་དཔའ་བོའི་མཚན་སྙན་དམ་པ་ཁྱེད་ཀྱི་སྐུ་ལ་མཛའ། །
ངེས་དོན་གངས་རིའི་མཁས་པའི་སྙན་པ་དམ་པ་ཁྱེད་ཀྱི་གསུང་ལ་མཛའ། །
ངེས་དོན་བོད་ཀྱི་བྱམས་བརྩེའི་རིན་ཐང་དམ་པ་ཁྱེད་ཀྱི་ཐུགས་ལ་མཛའ། །
ངེས་དོན་ཡོན་ཏན་སྟོང་གིས་ཕྱུག་པའི་དམ་པའི་མཚན་འདི་ཤིན་ཏུ་སྙན། །
འགྲན་བྲལ་མཁས་པའི་ཡང་རྩེ་ཁྱེད་ཉིད་དག་པའི་ཀློང་དུ་རིང་ནས་གཟིམས། །
ལེགས་བཤད་གསེར་གྱི་བ་གམ་སྟེང་ན་ལོ་རྒྱུས་མཁན་པོས་འདག་ཞལ་བསྐྱོན། །
ཕྱི་རབས་རྩོམ་རིགས་མདུན་ལམ་རིང་མོ་མ་རྟོགས་འདམ་གྱི་འོབས་སུ་བརྫིས། །
ཡང་སྲིད་ཉི་གཞོན་མགོན་དུ་བཞེངས་ཏེ་མུན་པའི་རྫོང་ཆེན་གཏོར་མཛོད་ཨང་། །
དེ་ལྟར་སྙན་རྩོམ་འདབ་མའི་སྦུབས་ལས་སྣང་སེམས་རི་མོར་སིམ་པའི་གླུ། །
དབྱངས་སུ་གྱེར་ལ་འཇིགས་པ་བྲལ་བ་བླུན་པོ་དར་མའི་སྙིང་ཁམས་ཅན། །
རིག་པའི་རྒྱ་མཚོས་ངག་རིག་འཁོར་ལོ་ཅུང་ཙམ་བསྒྱུར་བའི་རབ་བྱེད་འདི། །
ཞི་བདེའི་རྒྱ་མཚོའི་ཀློང་དུ་བསྙད་པ་མཛེས་སྡུག་འབར་བའི་གུར་ཁང་ནས།
།
སྔར་རྩོམ་ཞིག་ལ་དགོས་དབང་གིས་བཟོ་བཅོས་ཅུང་ཟད་བཅས།