བྱ་འཕུར་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན།
སློབ་དཔོན་ནམ་མཁའ་ཚུལ་ཁྲིམས།
ནམ༷་ཡང་ཐོས་བསམ་སྒོམ་ལ་ལེགས་སྦྱངས་པས།
།མཁ༷འ་ལྟར་ཡངས་པའི་ལྷ་ཡི་སྤྱན་མངའ་ཞིང༌། །རྒྱལ༷་བསྟན་ལུང་རིགས་ལམ་ནས་སྤེལ་མཁས་པས། །མཚ༷ན་སྙན་འབྲུག་སྟོང་ལྡིར་བའི་དཔལ་ལ་འགྲན།
།འཆ༷ད་པའི་དབྱར་རྔས་ཤེས་ལྡན་གར་བསྒྱུར་མཛད། །རྩོད་པའི་ཐོག་མདས་རྒོལ་ངན་བྲག་རི་བསྙིལ།
།རྩོ༷མ་པའི་ཆར་གྱིས་རྒྱལ་བསྟན་པད་ཚལ་རྒྱས། །སྤྲུལ་པའི་སྐུ་མཆོག་ཡོན་ཏན་གསུམ་གྱིས་སྤུད།
།མཁ༷ས་པས་སྡེ་སྣོད་གཞུང་བརྒྱ་མཁྱེན། །བཙུ༷ན་པས་ཉོན་མོངས་ཞི་ཞིང་དུལ། །བཟ༷ང་པོས་མཁས་རྒུའི་གཙུག་ན་མཛེས།
།སྨྲ་བའི་གཞོན་ནུ་ཁྱོད་ལ་འདུད། །མདོ་སྔགས་རབ་འབྱམས་རྒྱ་མཚོའི་སྡིངས་ནས་མངོན་མཐོ་ཞིང༌།
།དྲི་བྲལ་བསླབ་གསུམ་གསེར་གྱི་ལྷུན་པོས་ཁོར་ཡུག་མཛེས། །འཆད་རྩོད་རྩོམ་གསུམ་གཡུ་ཡི་རླབས་ཕྲེང་དགུང་དུ་འཕྱུར།
།གང་སྐུ་ལྷུན་པོ་བསྐལ་བརྒྱའི་བར་དུ་བརྟན་འགྱུར་ཅིག །གཤེན་བསྟན་བསིལ་རིའི་སྤོ་ལ་རབ་འགྱིང་ཞིང༌།
།ལེགས་བཤད་ལུང་རིགས་གད་རྒྱངས་ཆེར་བསྒྲགས་ཏེ། །རྒོལ་ངན་ལག་ལྡན་འཇོམས་ཤིང་བློ་གསལ་རྣམས།
།རྗེས་འཛིན་མཁས་དབང་སེང་ཆེན་རྒྱལ་གྱུར་ཅིག །གང་གི་མཛད་འཕྲིན་ཚུར་མཐོང་བདག་འདྲའི་བློ་ཡིས་གཞལ་མིན་ཀྱང༌།
།གང་ལ་ལྷག་བསམ་དུང་ལྟར་དཀར་བའི་སློབ་དཔོན་ནམ་མིང་བས། །གང་ལ་དད་པའི་ཚོགས་ཀྱིས་བསྐུལ་བར་གྱེན་བཟློག་མ་ནུས་ཏེ།
།གང་གི་རྣམ་ཐར་མདོ་ཙམ་ཁོ་བོས་འདི་ན་གཟིགས་མོར་བསྐྲུན། །
ཞེས་སྙན་འགྱུར་འབུམ་ལྡན་གྱི་སྒྲ་ལས་ཉེ་བར་དྲངས་པའི་བསྟོད་ཚིག་ལྷ་ཡི་རོལ་མོས་མདུན་བསུས་ཏེ་སྐབས་འདིར་གླེང་བར་བྱ་བ་ནི།
བློ་གྲོས་ཀྱི་འཇུག་སྒོ་ཕྱོགས་ཀུན་ནས་ཡངས་པའི་མཆོག་སྤྲུལ་དམ་པ་བྱ་འཕུར་ནམ་མཁའ་རྒྱལ་མཚན་ནི།
མདོ་སྨད་སྣང་ཞིག་ཁག་གསུམ་གྱི་ཡ་གྱལ་བྱ་འཕུར་ཁྲི་གདན་ནོར་བུའི་ཡང་རྩེའམ་མཐོང་སྨོན་བཀྲ་ཤིས་རྣམ་རྒྱལ་གླིང་གི་གདན་སར་ཡབ་རིགས་རུས་ཕུན་སུམ་ཚོགས་པ་བླ་མ་སྐྱབས་དང༌།
ཡུམ་བླ་མ་མཚོ་གཉིས་ལ་སྲས་སྐུ་མཆེད་དྲུག་ཡོད་པའི་གསུམ་པར་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ་ཕྱི་ལོ་
༡༩༦༩ ལོའི་ཟླ་བ་ ༧ ཚེས་ ༡༣ ཉིན་སྐུ་འཁྲུངས།
དགུང་གྲངས་བདུན་གྱི་ཐོག་ནས་སྣང་ཞིག་སྐྱབས་མགོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཡོངས་འཛིན་བྱ་འཕུར་ཚུལ་ཁྲིམས་བློ་གསལ་དང་རིམ་གཉིས་ལྟ་བའི་བདག་ཉིད་བྱ་འཕུར་བསྟན་འཛིན་རྒྱལ་མཚན་ཟུང་གི་སྐུ་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་སོགས་ལ་བྱང་ཆུབ་པར་མཛད།
དགུང་གྲངས་བཅུ་གསུམ་ནས་བཅོ་ལྔ་བར་སློབ་ཆུང་གི་བར་གསེང་དང་བསྟུན་ནས་མདོ་སྔགས་སྨྲ་བའི་བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དག་གསུམ་དང༌།
བསྡུས་གྲྭ། ཚད་མ་སོགས་ལ་ཉིན་མཚན་བར་མེད་དལ་འགྲོའི་རྒྱུན་བཞིན་བརྩོན་པས་བློ་གྲོས་ཀྱི་འདབ་མ་རབ་ཏུ་བཞད།
དགུང་གྲངས་བཅོ་ལྔ་ནས་བཅོ་བརྒྱད་བར། རྫོང་མི་རིགས་སློབ་གླིང་དུ་རྒྱ་ཡིག་དང་རྒྱ་སྐད་སོགས་ལ་སྦྱང་བ་མཛད་ཞོར།
བཀའ་ལུང་རིག་པའི་མཛོད་འཛིན་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་མཆོག་གི་ཞབས་པད་གསེར་གྱི་འཁོར་ལོ་སྤྱི་བོར་བཀུར་ཏེ།
སྔོན་འགྲོ་འབུམ་དྲུག་དང༌། དངོས་གཞི་འབུམ་དགུའི་ཉམས་ལེན་སོགས་ལོ་གསུམ་དང་འབྲེལ་བའི་སྒྲུབ་གྲྭའི་སྲོལ་ཚུལ་བཞིན་བསྐྱངས།
དམ་པ་དེ་དག་གི་སྐུ་མདུན་ནས་དབང་ལུང་གསན་བཞེས་གནང་བ་མང་ཡང༌། ཡིག་ཚོགས་དོགས་ཕྱིར་རེ་ཞིག་འདིར་མ་བྲིས།
དགུང་ལོ་བཅོ་བརྒྱད་ཐོག་བོད་གངས་ཅན་གྱི་བྱང་རྒྱུད་འཛིན་མའི་ཁྱོན་ནས་གྲགས་སྙན་རྔ་གསང་འབུམ་ཕྲག་སྒྲོགས་པ་ལྟ་བུའི་མཁས་དབང་བོན་བརྒྱ་ཚང་གི་སྐུ་མདུན་དུ་ཕེབས་ཏེ།
གཙང་གཤེན་སྙན་ངག་དང་སྣང་སྟོན་བསྟན་པའི་ཉི་མའི་སྙན་ངག རིག་འཛིན་ཀུན་གྲོལ་གྲགས་པའི་སྙན་ངག་སོགས་གཞིར་བཟུང་སྟེ།
དོན་རྒྱན་སྒྲ་རྒྱན་གབ་ཚིག་སོགས་ཀྱི་དཔེར་བརྗོད་དང་བཅས་པ་ལ་བྱང་ཆུབ་པར་མཛད། ཞར་དུ་སྟག་གཟིག་སྤུངས་སོ་ཆེ་ཆུང་དང༌།
ཞང་ཞུང་གི་སྨར་ཆེ་ཆུང༌། གཟི་ཡིག་དང་གཏེར་ཡིག ལནྫ་དང་ཝརྟུ་ཧོར་ཡིག་སོགས་ཡིག་རིགས་ཀུན་ལ་སྦྱང་བརྩོན་མཐར་ཕྱིན་གནང་ཞིང༌།
མཁས་དབང་དེ་ཉིད་ཀྱི་མདུན་ནས་ཤར་རྫའི་མཛོད་ལྔ་གཙོས་གསང་བ་སྔགས་དང་རྫོགས་ཆེན་སོགས་ལ་འཆད་ཉན་དལ་འགྲོའི་རྒྱུན་བཞིན་དུ་བརྩོན།
དེར་ལོ་གཉིས་ཙམ་བཞུགས་པའི་ལོ་མཇུག་དེར་རྒྱལ་རོང་ཁྲོ་སྐྱབས་རྒྱལ་མོ་སྐུ་གཤེགས་སྐབས།
མཆོག་སྤྲུལ་རིན་པོ་ཆེ་དང་དགེ་བཤེས་བསྟན་འཛིན་རྣམ་གཉིས་སྣང་དགོན་འདུས་སྤྱི་ནས། སྣང་སྟོན་ཆེན་པོའི་སྐུ་ཚབ་ཏུ་ཁྲོ་སྐྱབས་ཡུལ་གྱི་བོན་སྡེ་ཁག་གི་སྐྱོ་གདུང་དྲག་པོའི་མུན་པ་སེལ་ཕྱིར་མངག་གཞུགས་ཞུས།
ཁོང་རྣམ་གཉིས་ཁྲོ་སྐྱབས་རྒྱལ་ས་དྲུག་ཟུར་དུ་ཕེབས་ནས་གཤིན་པོར་དགེ་རྫོགས་དང་གསོན་པོར་ཚེ་ཆོག་སོགས་མཛད་སྐབས།
ཁྲོ་ཆེན་རྒྱལ་སྲས་ཚེ་དབང་རྒྱལ་མཚན་གྱིས་རྒྱལ་མོའི་སྔས་རྟ་མཚོན་བྱེད་དུ་ཤེལ་དཀར་ལས་གྲུབ་པའི་རྟ་མཆོག་ངོ་མཚར་ཅན་ཞིག་དང༌།
ཅོག་ཙེ་རྒྱལ་སྲས་ཀྱིས་རྒྱ་ནག་གི་རྒྱལ་པོ་གོང་མ་ཆན་ལུང་གི་སྤྱན་ཤེལ་ཞིག་ཕུལ་བ་ད་ལྟའི་ཆར་བྱ་འཕུར་བླ་བྲང་དུ་བཞུགས།
ཇི་སྐད་དུ།
རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།
།
འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། །
རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི།
།
དེའི་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པ་རིགས།
།
ཞེས་གསུངས་པ་ལྟར། མཆོག་སྤྲུལ་ཁོང་གི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ལ་འདུས།
ལུང་གི་བསྟན་པ་འཆད་རྩོད་རྩོམ གསུམ་གྱིས་འཛིན་དགོས། འཆད་རྩོམ་གཉིས་བྱང་ཆུབ་པ་ཞིག་བྱེད་དགོས་ན་གཙོ་བོ་རྩོད་པ་ལ་རགས་ལས་ཕྱིར།
རྩོད་གྲྭའི་རིགས་ལམ་མ་ཤེས་ན་གཞུང་བརྒྱ་བློ་ལ་ཡོད་ཀྱང་ལྐུགས་པའི་རྣམ་ཤེས་གསལ་བ་དང་མཚུངས།
ཕ་རོལ་གྱི་རྒོལ་བ་དྲི་རྩོད་ཀྱིས་སུན་འབྱིན་མི་ནུས། ཚིག་གི་གདར་ཐག་མི་ཆོད། དོན་གྱི་སྙིང་པོ་མི་ལོན་པས་འཆད་རྩོམ་གང་བྱེད་ཀྱང་སྤྲེའུས་མིའི་ལད་མོ་བྱས་པ་དང་མཚུངས་ཞེས་ཡང་ཡང་གདམས།
དགུང་གྲངས་བཅུ་དགུ་ནས་ཉེར་གཅིག་སྐབས་སྐུ་མཆེད་བྱ་འཕུར་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་བཟང་རྒྱལ་མཚན་ཟུང་གིས་སྣང་ཞིག་དགོན་གྱི་འཚོགས་ཆེན་འགན་བཞེས་ཤིང༌།
དམ་པ་ཁོང་སྣང་ཞིག་དགོན་གྱི་མཚན་ཉིད་རྩོད་གྲྭ་རུ་ཞུགས་ཏེ་སྣང་ཞིག་དགོན་གྱི་ལྷ་རམས་པ་ཚུལ་ཁྲིམས་རྒྱལ་བ་བློ་གྲོས་དང༌།
རབ་འབྱམས་པ་ལུང་རྟོགས་རྒྱ་མཚོའི་མདུན་ནས་ཀུན་མཁྱེན་ཉི་མའི་ཕར་ཕྱིན་དང༌། གྲུབ་མཐའ། ས་ལམ།
དབུ་མ། མཁས་གྲུབ་རིན་བློའི་ཕར་ཕྱིན་སོགས་ལ་གསན་སྦྱངས་གནང་བས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཕྲ་ཞིབ་ཤེས་རབ་ཀྱི་རྦ་རླབས་དགུང་དུ་འཕྱུར་ཞིང༌།
ཀུན་གྱིས་བསྟོད་བསྔགས་ཀྱི་གནས་སུ་གྱུར། མ་ཟད་སྣང་ཞིག་ྋསྐྱབས་མགོན་ཆེན་པོའི་ཡོངས་འཛིན་རིག་གནས་སྨྲ་བའི་དབང་ཕྱུག་བསྟན་འཛིན་ཡེ་ཤེས་ཀྱི་མདུན་ནས།
སྐར་རྩིས་དང་སྡེབ་སྦྱོར་སོགས་ལ་ཡང་སྦྱང་བརྩོན་མཛད། སྐབས་དེར་རྫོང་ནང་དུ་ཡིག་གཟུགས་འགྲན་བསྡུར་གྱི་ལས་འགུལ་སྤེལ་སྐབས་ཡིག་གཟུགས་མི་འདྲ་བ་བརྒྱ་ལ་ཉེ་བ་ཞིག་བྲིས་པར་ཁོང་ལ་ཡིག་གཟུགས་ཨང་དང་པོའི་བྱ་དགའ་ཡང་ཐོབ།
དེ་བཞིན་ལོ་ཤས་རིང་དགོན་སྡེའི་ཆོས་ཐོག་གཅིག་ཀྱང་མ་སྟོང་པར་རྩོད་གྲྭར་ཆད་མེད་དུ་ཞུགས་ཏེ་རྩོད་རིག་གི་མཁྱེན་རྩལ་རབ་ཏུ་རྫོགས་ཤིང༌།
དུས་བཞིའི་ཆོས་ཐོག་སྐབས་སུ་རྗེ་རིན་པོ་ཆེའི་ཚད་འགྲེལ་དང༌། ས་ལམ་ལམ་འཕྲུལ་སྒྲོན། མེ་སྟོན་གྱི་དབུ་མའི་རྩ་བ།
རྗེའི་གསང་དོན་རྣམ་འབྱེད་ཀྱི་རྩ་བ་འདུལ་བ་ཀུན་བཏུས་སོགས་བློ་འཛིན་གནང་སྟེ། མཁས་མང་འདུས་སྡེ་རྒྱ་མཚོའི་གྲལ་དབུས་སུ་ཚོགས་རྒྱུགས་ཕུལ།
གཞན་ཡང་ཀིརྟི་དགེ་ལྡན་ལེགས་བཤད་གླིང་གི་མཁས་པ་ཨ་རིག་བློ་བརྟན་གྱི་མདུན་ནས་མཁན་ཆེན་བསོད་གྲགས་ཀྱི་ཕར་ཕྱིན་སྤྱི་དོན་དང་མཐའ་དཔྱོད་བཅས་ཀྱི་ཁྲིད་ཞུས་པ་སོགས།
སྐུ་ན་ཆུང་བའི་སྐབས་ནས་གྲུབ་མཐའ་གཞན་གྱི་གཞུང་ལའང་བརྩོན་པའི་གོ་སྐབས་གང་ཐུབ་བཙལ། དགུང་ལོ་ཉེར་གཉིས་ཐོག་སྣང་དགོན་སློབ་དཔོན་ཁྲི་ཐོག་བཅུ་པ་བསོད་ནམས་ཡེ་ཤེས་མཆོག་གིས་དམ་པ་ཁོང་དང་དགེ་སློང་རིན་ཆེན་རྣམ་རྒྱལ་གཉིས་ལ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གནང༌།
བོད་ཟླ་གཉིས་པའི་ཚེས་བཅུ་གསུམ་ནས་བཅོ་ལྔ་བར་གཞུང་ཆེན་དྲུག་གི་དམ་བཅར་བཞུགས་ཤིང༌། ཚེས་བཅུ་དྲུག་གི་དགོང་མོར་དམ་བཅའ་མཐར་ཕྱིན་ཏེ་གྲྭ་རྒན་གཞོན་ཚང་མས་བཀྲ་ཤིས་པའི་ཚིག་བརྗོད་དང་བཅས།
སྲིད་ན་རིང་བའི་གོས་དར་གྱིས་སྣ་དྲངས་ནས་སྣང་ཞིག་བྱ་འཕུར་བླ་བྲང་དུ་གདན་འདྲེན་ཞུས། ད་ལྟའི་ཆར་བླ་བྲང་ཁག་གི་གདན་ས་འཛིན་པའི་གྲལ་ནས་དགེ་བཤེས་ཀྱི་མཚན་དོན་བཞེས་པ་ཁྱེད་ཐོག་མ་ཡིན་ཞེས་བསྟོད་བསྔགས་ཡང་ཡང་ཕུལ།
དགུང་ལོ་ཉེར་གཉིས་ཐོག་དཔྱིད་ཆོས་ཆེན་མོའི་སྐབས་སུ་འཛིན་གྲོགས་རྣམས་དང་ལྷན་རྡོ་རམས་དམ་བཅའ་བཞག་སྟེ་ཚོགས་གཉིས་ཀྱི་དགེ་རྩ་རླབས་ཆེན་མཛད་ཅིང༌།
ལོ་དེའི་ཆུ་བོའི་གཞུང་རྒྱས་སུ་བསྟན་ལ་ལྷག་བསམ་རྣམ་པར་དཀར་བའི་སྐུ་མཆེད་མཆོག་སྤྲུལ་ཀུན་བཟང་རྒྱལ་མཚན་དང་ཁོང་རྣམ་གཉིས་ཀྱིས་འཚོགས་ཆེན་འདུ་ཁང་ཆེན་མོར་གསེར་ཚོན་བྱུགས་རྒྱུའི་ཐུགས་འགན་བཞེས་ཏེ།
དངོས་རྫས་ལ་འཛེམས་བག་མེད་པར་གཏོང་ཕོད་རབ་ཏུ་ཡངས་པའི་སྒོ་ནས་རྒྱ་སྒོར་ཁྲི་ཕྲག་མང་པོ་འགྲོ་གྲོན་བཏང་གནང་བ་དང༌།
དམ་པ་འདིས་སྐུ་ངལ་ལ་མ་འཛེམ་པར་དབྱར་ཟླ་གསུམ་གྱི་རིང་ལྷ་རིས་པ་ཉི་ཤུ་ལྷག་ལ་འགོ་འདྲེན་བྱས་ཏེ་ལོ་དེའི་དབྱར་མཇུག་ཏུ་ཡིད་འོང་རྒྱལ་བའི་གསས་ཁང་དོག་ལ་འཕོས་འདྲའི་ངོ་མཚར་ལྟ་ན་སྡུག་པ་ཞིག་ལེགས་གྲུབ་བྱུང༌།
ལོ་དེའི་སྟོན་ཁར་རྒྱལ་ས་པེ་ཅན་དུ་ཕེབས་ཏེ་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་སྐུ་འབུམ་དགོན་གྱི་བླ་མ་བློ་བཟང་དཔལ་ལྡན་ལུང་རིག་རྒྱ་མཚོའི་མདུན་ནས་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྐབས་བརྒྱད་དང༌།
མཁས་པ་ཐུབ་བསྟན་ཉི་མའི་མདུན་ནས། སྔ་འགྱུར་རྙིང་མ་བའི་གྲུབ་མཐའི་རྣམ་བཤད་ཚེས་པའི་ཟླ་བ་ཞེས་པ་དང་སྤྱོད་འཇུག་ཆེན་མོ།
ཀརྨ་སེང་གེ་རིན་པོ་ཆེའི་མདུན་ནས་མར་པ་བཀའ་བརྒྱུད་ཀྱི་གྲུབ་མཐའི་རྣམ་བཤད་དྭགས་བརྒྱུད་གྲུབ་པའི་མེ་ལོང༌།
བསྭེ་ཚང་བློ་བཟང་དཔལ་ལྡན་གྱི་མདུན་ནས་དགེ་ལྡན་པའི་གྲུབ་མཐའི་རྣམ་བཤད་འཇམ་མགོན་བསྟན་པའི་མཛེས་རྒྱན།
མཁན་ཆེན་ཀླུ་སྒྲུབ་རྒྱ་མཚོའི་མདུན་ནས། ས་སྐྱའི་གྲུབ་མཐའི་རྣམ་བཤད་ཀུན་དགའི་བསྟན་པ་མཛེས་པའི་རྒྱན་ཡིད་བཞིན་དབང་གི་རྒྱལ་པོའི་དོ་ཤལ།
མཁན་ཆེན་ཡོན་ཏན་བཟང་པོའི་སྐུ་མདུན་ནས་བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ།
མཁས་དབང་བཤད་སྒྲུབ་རྒྱ་མཚོའི་མདུན་ནས་བོད་སོག་ཆོས་འབྱུང་ཆེན་མོ་སོགས། བོད་རྒྱུད་ནང་པའི་གྲུབ་མཐའ་ཀུན་གྱི་གཞུང་ལུགས་ལ་ཐོས་བསམ་གནང་བཞིན་པ་བཅས།
མདོར་ན་མཆོག་སྤྲུལ་དམ་པ་ཁོང་ཉིད་དགུང་ལོ་ཅི་ཙམ་ཕྲ་ཡང་རྣམ་དཔྱོད་བློ་གྲོས་ཀྱི་སྒོ་འཕར་མཆོག་ཏུ་ཡངས་ཤིང༌།
བསྟན་དོན་ལ་སྨན་པའི་ཞབས་འདེགས་རྒྱ་ཆེན་བསྒྲུབ་རྒྱུའི་ཐུགས་འདུན་གཡོ་བ་མེད་པའི་ཐོག་ནས།
མཐོ་རིམ་སློབ་གླིང་དེར་འཆད་ཉན་བྱས་དང་བྱེད་བཞིན་བཞུགས་ཡོད།
སྨྲས་པ།
རབ་འབྱམས་ཤེས་བྱ་ལྷ་ཡི་ལམ་ཡངས་པོར། །ཐོས་བསམ་སྒོམ་པའི་གློག་ལྡན་དྲག་ཏུ་འཕྱུར།
།འཆད་རྩོད་རྩོམ་པའི་དགུང་ཆར་ཡོངས་ལྷུངས་པས། །གཤེན་བསྟན་དཔྱིད་ཀྱི་དཔལ་མོ་རྒྱས་གྱུར་ཅིག
།དྲི་བྲལ་མཁྱེན་དཔྱོད་ཉ་གང་ཟླ་བའི་དཔལ། །བློ་གསལ་རྒྱུ་སྐར་དབུས་ནས་ཁྱད༌འཕགས་ཤིང༌། །ལེགས་བཤད་བདུད་རྩིའི་གཟེགས་མ་འབུམ་སྤྲོས་པས།
།སྐལ་ལྡན་གདུལ་བྱའི་ཡིད་ཀྱི་ཀུན་ད་བཞད། །འཁྲུལ་མེད་གྱེར་བསྟན་སྲིད་པའི་སྒྲོན། །ཕྱོགས་ལྷུང་སྤྲིན་གྱིས་སྒྲིབ་ལ་ཉེ།
།གང་གི་མཁྱེན་རྩལ་དྲི་བཞོན་གྱིས། །ལྷག་མེད་བསྙིལ་བ་ཨེ་མ་རྨད། །གང་གི་རྟོགས་བརྗོད་རིན་ཆེན་འབྱུང་བའི་གནས།
།ཁོ་བོའི་བློ་གྲོས་སྐྱོགས་ཀྱིས་མི་འཛད་མོད། །འོན་ཀྱང་བཤེས་གཉེན་དམ་པའི་བཀའ་ལུང་ལྕི།
།དེ་ཕྱིར་ངག་གི་འདབ་མ་ཅུང་ཙམ་གཡོས། །ཁོ་བོ་མང་ཐོས་རིན་ཆེན་ནོར་གྱིས་རྒུད། །ལེགས་བཤད་རྩོམ་པའི་ཡོན་ཏན་མི་མངའ་བས།
།ཚིག་དོན་གང་ལ་འགལ་འཁྲུལ་ཡོད་རེ་རྐན། །མཆོག་གསུམ་ལྷ་དང་བཅས་པའི་སྤྱན་སྔར་འཆགས། །
ཞེས་པ་འདི་བོན་གྱི་འདུས་སྡེ་ཆེན་པོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་སློབ་དཔོན་ཡོངས་ཀྱི་གྲལ་མཐའ་བ་ནམ་མཁའ་ཚུལ་ཁྲིམས་ཀྱིས།།
།།
མཆན། གོང་གསལ་ལོ་རྒྱུས་བསྡུས་པ་དེ་ནི་རྩོམ་པ་པོ་སྐུ་གཤེགས་པ་བྱ་འཕུར་ནམ་མཁའ་རྒྱལ་མཚན་གྱིས་བྲིས་པའི་གསུང་པོད་དང་པོ་༼གཡུང་དྲུང་བོན་གྱི་གྲུབ་མཐའི་རྣམ་བཤད་དྲུང་མུ་རཌྣའི་དོ་ཤལ་གཤང་ཆེན་ཁྲི་ལོའི་སིལ་སྒྲ༽ཞེས་པ་དེ་པེ་ཅིན་དུ་པར་བསྐྲུན་བྱ་འཆར་སྐབས། སྣང་ཞིག་སློབ་དཔོན་མཁས་དབང་ནམ་མཁའ་ཚུལ་ཁྲིམས་མཆོག་གིས་བྲིས་གནང་བ་ཞིག་རེད་འདུག བྱ་འཕུར་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་གྱི་གསུང་རྩོམ་རྩོམ་སྒྲིག་པ། ཁྲི་གཡུང་དྲུང་གིས།