སྤེལ་མ་ཕོད་ཉར་ན་རང་སྡུག་རེད།།
ཐེངས་དང་པོའི་གོམ་འགྲོས་ཨ་མས་ཁྲིད། །
གཟན་དམར་་པོའི་རིན་སྒོར་ཨ་ཕས་སྤྲད། །
འདོན་ཀ་ཁའི་དབྱངས་རྟ་ཞང་པོས་བསླབས། །
གཞུང་ལྔ་རིག་གོ་བ་བླ་མས་གནང་། །
མགོན་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི།།
བཀའ་དྲི་མེད་མདོ་འབུམ་རྒྱུད་མཛོད་འདིའི།།
ཚིག་ཙམ་མིན་དོན་དམ་དགོངས་པའི་བཅུད།།
དུས་ནམ་ཡང་ངོམ་མེད་བཏུང་འདི་སྐྱིད།།
ལུང་རིག་པའི་རྩོད་པ་མཁས་པས་རྒྱག།
རྡོ་དབྱུག་པའི་རྩོད་པ་བླུན་པོས་རྒྱག།
ཚིག་ངན་པའི་རྩོད་པ་དྲྭ་འབུས་རྒྱག།
ངའི་འཆད་ར་དང་པོ་ཕེབས་ས་ཡིན།།
བོན་ཡོད་དགུ་འབྱུང་གནས་ཐིམ་སའི་གཞི།།
དོན་འགྱུར་མེད་བདེ་སར་ཕྱིན་བྱེད་ལམ།།
དུས་ཡུན་རིང་སྒོམ་པའི་བསླུ་མེད་འབྲས།།
གང་དྲིས་ཀྱང་གང་དཔོག་རིག་མཆོད་འབུལ།།
དེ་མ་གཏོགས་དེང་སོང་དྲྭ་འབུ་འགས།།
དོན་རྩོམ་ཉམས་ཕྱོགས་ལ་མི་སེམས་པ།།
གོ་མེད་པའི་སྟོང་སྒྲ་མང་བསྒྲགས་འདུག།
དེ་འདྲ་བའི་དྲྭ་གྲོགས་མེད་ན་དགའ།།
ངའི་དྲི་བའི་གནད་ལ་མ་ཁེལ་བའི།།
ཚིག་མཚོན་ཆའི་དྲིས་ལན་མང་་ན་ཡང་།།
ཅི་མི་སྙམ་རང་འགར་འཇོག་པ་ལས།།
ཡ་མི་བྱེད་འཆད་རའི་དམ་བཅའ་ཡིན།།
ཁྲ་འདྲ་བའི་སྤྱང་གྲུང་མ་འཛོམས་ཀྱང་།།
ལུག་འདྲ་བའི་གླེན་པ་མིན་པས་ན།།
ལོ་དུ་མ་གཞུང་ལ་བརྩོན་པའི་འབྲས།།
སྤེལ་མ་ཕོད་ཉར་ན་རང་སྡུག་རེད།།
ཕ་མེས་པོའི་རྐང་རྗེས་འཚོལ་འདོད་པའི།།
བུ་ཚ་འུ་ལས་ཀྱི་འཕྲོ་ཅན་རྣམས།།
ངའི་འཆད་ར་གཡུང་དྲུང་དགའ་ཚལ་དུ།།
དོན་བདེན་པའི་རྟགས་གསལ་བསྣམས་ནས་ཕེབས།།
- ཟིན་ཐོ་གོང་མ།འཆད་རའི་ཕུགས་བསམ་གླེང་བ།
- ཟིན་ཐོ་འོག་མ།དྲི་བ།
གྲོགས་པོ་བཀྲ་ཤིས་བདེ་ལེགས།
ཁ་བའི་སྤུན་ལ་བརྩེ་སེམས་བསླབ་བྱ་བསྐྲུན།།
ག་ནས་ལྟས་ཀྱང་ལེགས་བཤད་འབུམ་གྱི་ཕྱུག།
ང་ཡིས་ལེགས་བསྐྱེས་ཚོམ་བུ་སྐྱེས་སུ་འབུལ།།
བཀྲ་ཤིས་བདེ་ལེགས་ཞུ།། ཚ་བའི་ཁྱུང་རིགས་ཡོན་སེང་ནས།།
[B][/B][B][/B][U][/U][I][/I]
དྲྭ་གྲོགས་ལགས་ཕེབས་པ་དགའ་སུ་ཞུ།རང་བློས་གང་ལྕོགས་སྤེལ་ཡོང་།