བཟོད་མ་ཐུབ་པའི་མིག་ཆུ།
ནམ་རྒྱུན་ངས་འདི་ལྟར་བསམ་བློ་གཏོང་གིན་ཡོད། ང་མི་བུ་ཞིག་ཡིན་པའི་ཆ་ནས་སེམས་ནང་གི་དགའ་སྐྱོ་འདྲེས་མའི་སེམས་ཚོར་གྱིས་མིག་ཆུ་འདི་གང་བྱུང་དུ་མི་གཏོང་། གལ་སྲིད་ཕྱི་རོལ་གྱི་རྐྱེན་གཞན་ཞིག་གིས་མིག་ཆུ་རྡོག་པོ་འགའ་ཤོར་སྲིད་པའི་དབང་དུ་བཏང་ན། དེ་ནི་དམིགས་བསལ་ལོ། རིག་རྒོད་འགས་བྲིས་པའི་སྙན་རྩོམ་བཀླགས་ཚེ།
ཤ་མར་རྩམ་གསུམ་གྱི་བྲོ་བ་ཡོད་པ།ཚིག་ཉུང་ལ་དོན་འདུས་པ། ཕྱོགས་རིས་ཀྱི་དབྱེ་བ་བྲལ་བ། དངོས་ཐོག་བདེན་དོན་རྣམས་ཡིག་ཐོག་ཕབ་པ་དག་བལྟ་བར་ངའི་གཤིས་ཀ་རུ་གྲུབ། དེ་དང་དེ་འདྲ་བ་ལོ་འགའི་སྔོན་ནས་བཟུང་སྤྱི་སྒེར་གཉིས་ནས་གླུ་གར་དགོང་ཚོགས་དང་། མི་སྒེར་གྱི་ཆེད་སྒྲིག་འོད་སྡེར་སོགས་ཤ་མང་སྤང་རྡོལ་བ་བཞིན་ཉིན་བཞིན་ཇེ་མང་དུ་འགྲོ་བ་འདི་རེད། དེ་ཚོའི་ནང་སྐད་ངག་སྙན་མིན་ནི་རང་ཉིད་ལྷན་སྐྱེས་སུ་དབྱངས་ཅན་མས་མགྲིན་པ་ལ་དངོས་གྲུབ་ཐོབ་ཆེ་ཆུང་ཞིག་དང་། ཚིག་སྦྱོར་ལེགས་མིན་ནི་རྩོམ་པ་པོས་མཐོང་ཐོས་མྱོང་གསུམ་གྱི་ལམ་ནས་དོན་དངོས་ཕབ་ཐུབ་མིན་དང་། རྣམ་འགྱུར་གང་དགོས་གཏོང་ཤེས་མིན་སོགས་སྒྱུ་རྩལ་ལ་གོམས་འདྲིས་ཡོད་མེད་ཀྱི་ཡིན་སྙམ། སྤྱིར་བཏང་ཕ་སྐད་མ་ཡིག་ཐོག་ན་བླང་བའི་འོད་སྡེར་ཞིག་ཡིན་ཚེ། མིག་གིས་བལྟ་བ། རྣ་བས་ཉན་པ་མ་བྱས་པ་ཞིག་ཕ་ཆེར་མེད་ངེས་ལ་དེ་ཚོས་ཀྱང་གུས་པར་བག་ཆགས་གང་ལ་གང་འཚམ་ཞིག་བཞག་པ་སྨོས་རེད། ལྷག་ཏུ་དེ་རིང་ཁྱེད་ཀྱིས་ཡ་ཆུང་སེམས་ཀྱི་གཏིང་རུམ་ནས་ཐོན་པའི་གཞས་ཆུང་དེས་ངའི་སེམས་ལ་ཕོག་ཐུག་ཚད་མེད་ཞིག་བཏང་བྱུང་ལ། ངས་སྔོན་གྱི་བསམ་གཞིག་དང་དམ་བཅའ་བྱེད་པ་དེ་ཡང་དོན་དངོས་སུ་མ་གནས་ཏེ་ཁྲ་ཆུང་མིག་གཉིས་ནས་མཆི་མའི་ཐིགས་ཕྲེང་མང་པོ་ཞིག་བབས་སོང་། དེའི་འབྱུང་རྐྱེན་གཙོ་བོ་ནི། ཁྱེད་ལ་གླུ་བ་གཞན་དང་མི་འདྲ་བའི་རང་གཤིས་རྣལ་མ་ཞིག་དང་། སྐད་ངག་དེ་ཡང་།དང་ལྷོད་སྦོམ་འཕྲ་གང་དགོས་ཀྱི་ཕྱུག་ཅིང་། ཚིག་གི་འགྲོ་ཚུལ་དང་མཐུན་པའི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་གཏོང་སྟངས་ལེགས་པ་སོགས་ཀྱིས་ཁྱད་བོན་འཛོམས་པས་སོ།སྤུན་ཟླ་ལགས། ཁྱེད་ལ་ལྷན་སྐྱེས་སུ་མངའ་བའི་སྐད་ངག་སྙན་མོ་དང་འགྲོགས་ནས་མུ་མཐུད་ཕ་སྐད་མ་ཡིག་གི་ཐོག་ནས་གླུ་དབྱངས་སྙན་མོ་དེ་གྱེར་ཤོག་དང་། ཡར་ཀའི་གངས་རི་དཀར་པོའི་རྩེ་ལ་ལས་དབང་ཐང་དར་བའི་ཀླུང་རྟ་གཏོར་འགྲོ་མཁན་དེ་ང་ཡིན་པ་སྒོམས་ཤིག མར་ཀའི་སྡེ་ཆེན་གྲོང་ནས་ཁྱེད་ལ་གློ་བུར་དུ་རྐྱེན་བར་ཆད་མི་ཡོང་བའི་བར་ཆད་ལམ་སེལ་སོགས་འདོན་པ་དང་གཞན་ལ་ཐོན་ཤོག་ཟེར་བཞིན་
སྨོན་པ་འདེབ་པ་པོ་ང་ཚོ་ཡིན་པ་སོམས་ཤིག