སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/12 0:49:00 | By: ལྷ་གཡག་དར་མ། ]
 

 

བཀའ་དྲིན་ལྷག་ཏུ་དྲན།
 མ་ཡུམ་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
 ཨ་མྱེ་ཡང་མྱེ་དག་གིས་གསུངས་ཚུལ་ལ།།
འཇིགས་རྟེན་ཁམས་ཀྱི་སྐྱེ་འགྲོ་ཡོད་ཅོག།
ཕ་མ་མ་གྱུར་པ་ནི་གཅིག་ཀྱང་མེད།།
དེ་ནི་ལོས་བདེན་དམ་པའི་ཞལ་གདམས་རེད།།
 
སྤྱིར་ནི་ཕ་མས་བུ་ཕྲུག་འཚོ་བའི་དོན།།
རང་ལུས་གང་ཡོད་ལེགས་སྐྱེས་འབུལ་བ་དང་།།
བུ་ཕྲུག་ཆེད་དུ་སྡིག་ལས་སྒྲུབ་པ་སྟེ།།
དེ་ནི་ལོས་ཡིན་འཁོར་བའི་འགྲོ་ཕྱོགས་རེད།།
 
ཕ་མ་མེད་པའི་བུ་ཕྲུག་མེད་ངེས་ལ།།
བུ་ཕྲུག་མེད་པའི་བྱ་བཏང་རེ་འགའ་ཙམ།།
གང་ལྟར་ཕ་མ་ཞེས་པའི་སྐྱེས་བུ་འདི།།
ཇི་འདྲའི་གཅེས་སུ་འཛིན་པའི་མི་བུ་ཞིག 
 
ལུགས་མཐུན་འཚོ་བར་རོལ་བའི་བཟའ་ཟླ་ཡི།།
བུ་ཕྲུག་ཞིག་གིས་ངོས་ནས་བརྗོད་པ་ན།།
ཕ་མ་གཉིས་ཀྱི་བཀའ་དྲིན་ཆེ་ཆུང་དེ།།
དབྱེ་འབྱེད་དཀའ་བ་ཡིན་པའི་དོན་ཅིག་རེད།།
 
ཤེས་འཇོན་ནུས་གསུམ་ལྡན་པའི་ཕ་རྒན་དེས།།
ཉིན་མཚན་དབྱེར་མེད་འཚོ་བའི་དོན་ལ་རེམ།།
གཞུང་དྲང་གཤིས་རྒྱུད་ལྷོད་པའི་མ་རྒན་དེས།།
རང་ཁྱིམ་དྲོད་ཀྱིས་ཁེངས་པའི་ཡུལ་ཞིག་བསྐྲུན།།
 
ལོ་རེའི་སྤྱི་ཟླ་ལྔ་པའི་ཚེས་བཅུ་གཉིས། 
དྲིན་ཆེན་ཨ་མའི་དུས་ཆེན་ཡིན་འདུག་ཟེར།།
གང་ལྟར་ཨ་མར་ཕུལ་བའི་སེམས་གཏམ་འབྲི།།
ཨ་མའི་དྲིན་ལན་དྲན་ཚུལ་ཅུང་ཙམ་འགོད།།
 
སྦྱང་ནས་ཟད་རྒྱུ་མེད་པའི་རིག་གནས་དང་།།
ལས་ནས་ཚར་རྒྱུ་མེད་པའི་འཁོར་བ་ཡིས།།
སྐྲ་ལོའི་མདོག་འགྱུར་ལུས་ཀྱི་སྟོབས་ཉམས་པའི།།
ཕ་མར་བྱམས་སྐྱོང་མ་བྱུང་སེམས་རེ་ཕམ།།
 
ཟླ་དགུ་ཞག་བཅུ་ངལ་མེད་ལྷུམས་སུ་ཁུར།།
བུ་ལ་གནོད་ཀྱི་དོག་པའི་སེམས་ཕྲལ་གྱིས།།
ཟས་སྐོམ་གང་ཞིམ་དུག་ལྟར་རིང་དུ་དོར།།
ན་ཟུག་ཆེ་རུང་སྨན་དཔྱད་བཟོད་སྒོམ་གནང་།།
 
སྐྱེ་གཟེར་ཞེས་པའི་ན་ཟུག་ཆེན་པོ་དེས།།
མྱལ་བར་ཐེངས་ཅིག་འགྲིམ་པའི་ཚོར་སྣང་སྟེར།།
དྲན་མེད་བརྒྱལ་ཞིང་དབུགས་ཀྱང་འཆད་ལ་ཁད།།
ལུང་དང་མྱོང་བས་གྲུབ་པའི་མི་འགས་བཤད།།
 
ང་ཡི་འབོད་སྐད་ཐོག་མ་ཨ་དང་མ།།
མི་གཙང་སྣབ་ལུད་འཕྱི་མཁན་ཨ་མ་ཁྱེད།།
བུ་ཕྲུག་ཚ་གྲང་ལྟོག་སྐོམ་གང་བྱུང་ཡང་།།
ངུ་བགད་གཉིས་ནས་འབོད་ས་ཨ་མ་ལགས།།
 
བུ་ཕྲུག་སྐྱེས་ནས་རང་ཉིད་མ་ཤི་བར།།
བུ་ཕྲུག་ཆེད་དུ་ཡོད་ཚད་བློས་བཏང་བྱེད།།
བུ་ཕྲུག་ཆེད་དུ་རང་ལུས་སྡུག་ལ་བརྒྱལ།།
བུ་ཕྲུག་ཆེད་དུ་རིན་ཆེན་སྲོག་ཀྱང་བྲལ།།
 
རང་ཉིད་མི་ཚེ་ཟས་གོས་ངན་ངོན་ཙམ།།
ཁྲག་དང་རྔུལ་ཆུའི་གྲུབ་པའི་འབྲས་བུ་དེས།།
མཁར་དང་ཁང་པ་རྒྱལ་གཞིས་ལྟ་བུ་བསྐྲུན།།
བུ་ཕྲུག་འཚོ་རྟེན་ཡིན་ཅེས་རྗེས་བཞག་མཛད།།
 
མདོ་མེད་བུ་ཕྲུག་རང་ཉིད་ལྟ་བུ་ནི།།
ལོ་མང་སློབ་སྦྱོང་ཡིན་ཅེས་ས་མཐར་འགྲིམ།།
རྔུལ་ཆུའི་བསྐྲུན་པའི་ཕ་མའི་དངུལ་ལོ་སོགས།།
གང་འཇམ་གྱོན་ཏེ་གང་ཞིམ་ཟས་ལ་རོལ།།
 
སློབ་གྲོགས་དགའ་གྲོགས་གྲོགས་པོ་དུ་མའི་ལྷན།།
སློབ་ལ་མ་བརྩོན་ཆང་ཁང་དྲྭ་ཁང་སོགས།།
ཉིན་མ་གང་འཁྱོལ་བྱེད་པའི་དུས་ཚོད་དེ།།
ད་ལྟ་བསམ་ཚེ་ཅི་འདྲའི་ཁྲེལ་མེད་ཅིག །།
 
ལྷག་ཏུ་ཨ་མ་ལགས་ཀྱི་ཞལ་གསུངས་ལ།།
བུ་ཁྱོས་རིག་པའི་གནས་ལ་བློ་སྒྲིམ་ནས།།
སྦྱང་འབྲས་མི་དམན་ཙམ་ཞིག་ལོན་ཐེངས་རེར།།
ཨ་མ་དགའ་བའི་སེམས་ཀྱིས་ཁེངས་ཡོད་ཅེས།།
 
ཉིན་ཤས་རིང་ལ་སྔ་ལོང་ཕྱི་ཉལ་གྱིས།།
སྐར་གྲངས་མཐོ་ཙམ་ལོན་ཆེད་འབད་ཁུལ་བགྱིས།།
གནམ་གཡེང་ལེ་ལོའི་ཕྱོགས་སུ་ཤོར་དྲགས་པས།།
ཨ་མའི་རེ་བ་མ་འགྲུབ་ཡིད་རེ་སྐྱོ།།
 
 
སྐྱེ་བ་སྔོན་མའི་སྡིག་སྒྲིག་ཡིན་ངེས་ལ།
ད་ལྟའི་ཚེ་ཡི་བར་ཆད་ཡིན་ཡང་སྲིད།།
ཡང་ན་ལུས་ཀྱི་ཟུང་སྟོབས་ཟད་ཀྱང་ཆོག 
ཨ་མའི་སྙུང་གཞི་འདི་ལ་ཤ་རེ་ཚ།།
 
བོས་ཀྱང་གོ་དཀའ་རྣ་བའི་ཐོས་ཤུགས་ཉམས།།
ཚིག་གཞིའི་ནུས་ཤོར་འགུལ་བསྐྱོད་དཀའ་མོར་གྱུར།།
ཕོ་བའི་དྲོད་ཉམས་ཁ་ཟས་འཇུ་བར་དཀའ།།
ལུས་ཟུང་སྐྱོ་པོ་འདི་འདྲ་ཡ་རེ་ང་།།
 
སྐྲ་ཡི་མདོག་འགྱུར་སོ་ཡི་གྲལ་དེ་ཞིག 
ཐོད་ལ་ཉིན་བཞིན་གཉེར་མ་ཇེ་མང་གྱུར།།
གཟུགས་པོའི་དབྱིབས་འགྱུར་ཁོག་རྒྱ་ཆུང་དུ་ཕྱིན།།
འདི་ལྟར་མཐོང་དུས་བཀའ་དྲིན་ལྷག་དུ་དྲན།།
 
རང་ཉིད་ལོ་མང་སྦྱང་བའི་སྨན་གཞུང་འདི །།
དྲིན་ཆེན་ཨ་མའི་ན་ཟུག་འཇོམ་བྱེད་དུ།།
སྨན་དཔྱད་ཕར་ཞོག་སྨན་ཆུ་སྟེར་ལང་ཙམ།།
མེད་པ་འདི་ནི་བདག་གི་སེམས་པ་སྐྱོ།།
 
 
ས་ཐག་རིང་ཐུང་གང་དུ་ཕྱིན་ན་ཡང་།།
དྲིན་ཆེན་ཨ་མ་ཁྱེད་ཀྱིས་བཀའ་སློབ་དང་།།
སྐྱབས་འགྲོ་སྨོན་ལམ་གྲངས་མེད་བརྗོད་པ་དེ།།
ནམ་ཡང་བརྗེད་ཐབས་བྲལ་བའི་ཞལ་གདམས་སོ།།
 
ལས་བྱེད་ཞེས་པའི་མིང་ཆེན་རྫིག་པོ་ཞིག 
མི་དམངས་ཞབ་འདེབས་སྒྲུབ་ཅེས་སྐད་སྙན་ཞིག 
འོན་ཀྱང་ཞིབ་ཕྲའི་བསམ་བློ་བཏང་པ་ན།།
ཕ་མར་ཞབས་ཕྱི་མ་ཐུབ་ལྷག་ཏུ་སྐྱོ།།
 
ཨ་མ་ཁྱེད་ནི་ང་ཚོའི་ཡོད་ཚད་ཡིན།།
ཁྱེད་རང་ཡོད་པས་ང་ཚོར་དགའ་སྐྱིད་ཡོད།།
ཁྱེད་རང་ཡོད་པས་རང་ཁྱིམ་དྲོད་ཀྱིས་ཁེངས།།
ཁྱེད་རང་ཡོད་པས་བུ་ང་སྟོབས་ཤུགས་ལྡན།།
 
 
མ་ཅིག་ཡུམ་ཆེན་ཐུགས་རྗེ་བྱམས་མ་དང་།།
མ་ཅིག་མཆོག་གྱུར་སྲིད་པ་རྒྱལ་མོ་སོགས།།
མ་འོངས་དུས་གསུམ་གཟིགས་པའི་མཆོག་གསུམ་གྱིས།།
མ་རྒན་དྲིན་ཆེན་འདི་ཚོར་མགོན་སྐྱོབས་མཛོད།།
 
སེམས་ཀྱི་གཏིང་ནས་བཞུར་བའི་ཁྲག་ཐིགས་འདི། །
དྲིན་ཆེན་ཨ་མའི་བཀའ་དྲིན་མཚོན་བྱེད་ཙམ། །
ཨ་མའི་སྐུ་སྲོག་རི་རྒྱལ་བཞིན་དུ་བརྟན ། །
ཨ་མ་མི་འདོད་ནད་ལས་མྱུར་གྲོལ་ཤོག  
༢༠༡༣. ༥ . ༡༢  ཉིན
 
 
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/18 13:58:04 | By: luobian ]
 
luobian
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/14 22:38:34 | By: danzengyixi ]
 
danzengyixi


གོང་གི་ཤེས་གྲོགས་རྣམས་པ་དུས་ལྟར་ཕེབས་པར་དགའ་བསུ་ཚད་མེད་ཞུས་ཡོད། ཡིག་ཚོགས་མང་བའི་སྐྱོན་མཆིས་པས་ཀློག་པ་པོ་ཡོངས་ལ་དགོངས་དག་ཞུ་བ་ཡིན།
ལྷ་གཡག་དར་མས།
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/14 0:35:11 | By: dzjinpa ]
 
dzjinpaམང་བའི་ཐོག་ཏུ་སྙན་པོ་ཞི་དྲག་བྲིས་འདུག་དགའ་བསུ་ཡོད། །
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/13 12:13:31 | By: boncute ]
 
boncuteཡག་པོར་མཐོང་སོང་། གངས་ཐིག་གིས།
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/12 23:08:55 | By: zhongsong ]
 
zhongsongསྙིང་ཁོང་ནས་བཞུར་བའི་བརྩེ་སེམས་དང་།
ཨ་མ་ལ་ཕུལ་བའི་སྙིང་གཏམ།
མྱོང་ཚོར་གྱིས་བྲིས་པའི་སྙན་ངག
འདི་ནི་གཟུགས་མཛེས་ལ་སྒྲ་སྙན་ཞིང་དྲི་ཞིམ་པ་རོ་མངར་བའི་སྙན་རྩོམ་
ཞིག་ཡིན་པར་བོན་སྨྱུག་གིས་ཚོར།
 
 
Re:བཀའ་དྲིན་ལྷག་ཏུ་དྲན།
[ 2013/5/12 10:11:27 | By: vase ]
 
vaseཨ་མྱེ་ཡང་མྱེ་རྒད་པོའི་སློབ་གསོ་དང་།།
ཨ་མ་དྲིན་ཅན་དྲན་པའི་དྲན་རྩོམ་འདིས།།
ཨ་མའི་བཀའ་དྲིན་མི་བརྗེད་མཚོན་ངེས་རེད།།
ངེད་ཚོར་ཚང་མའི་དྲིན་ཆེ་ཨ་མ་རེད།།
དེ་ལ་དྲིན་ལན་འཇལ་རྒྱུ་ངེད་ཚོས་འགན།།
འདི་དང་འདི་འདྲའི་དྲན་རྩོམ་མཉམ་དུ་འབྲི།།
གྲོགས་ཀྱི་དྭངས་མ་ལྷ་གཡག་དར་མ་ལགས།།
ངེད་ཚོ་ལྔ་རིག་གླིང་ལ་མཉམ་དུ་བསྐྱོད།།
ཁྱུང་ནག་བསོད་བློས་ཁྱུང་སྟེང་དགོན་ནས་ཕུལ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.