གང་ལྗོངས་གླེང་སྟེགས་ཀྱི་དྲྭ་གྲོགས་ཚོས་བདག་ལ་
ཕུལ་བའི་སྨོན་ཚིག་དང་སྐུལ་མ། །
སྨོན་ཚིག་འདི་དག་ནི་གུས་པར་གསོ་རིག་སློབ་གླིང་ནས་སློབ་ཐོན་བྱུང་ནས་
གཞུང་ཞབས་པའི་ཡིག་ཚད་གཏོན་ཁར་བརྩེ་བའི་དྲྭ་གྲོགས་ཚོས་ཕུལ་བའི་རེ་སྨོན་ལགས། །
༡
གླེང་སྟེགས་འགོ་འཛིན་པ། ཙ་སུར་སྦྱིན་པ།
རིགས་ཀྱི་རིག་ལ་རེ་བའི་འཚོ་ལམ་འདི།།རིགས་མཐུན་རིག་ལ་སྙེག་པའི་འདུན་ལམ་ཡིན།།
རིགས་ཀྱིས་བསྲིངས་པའི་སྨོན་པའི་ཤིས་པ་འདི།།རིགས་ཀྱི་གྲོགས་པོའི་དགེ་མཚན་འབར་གྱུར་ཅིག།
༢
དམག་དཔོན། ཁྱུང་པོ་དཔའ་རྒྱལ།
བསྟན་སྲིད་འཛིན་ལ་ཡེ་ནས་ད་བར་ཤེས་ཡོན་ཅན་ལས་ལྷག་པ་ཞིག།
སུ་དང་གང་གིས་དཔེ་མཚོན་ཙམ་ཡང་མཐོང་ཐོས་གཉིས་སུ་མ་བྱུང་བས།།
གྲོགས་ཀྱི་དྭངས་མས་སྙིང་སྟོབས་བསྐྱེད་ཏེ་མུ་མཐུད་གོམ་པ་སྤོས་པས་ན།།
གཞན་ཕན་རང་དགའི་ཕུགས་བསམ་དེ་ནི་ཁྱེད་ཀྱི་ཉེ་སར་ཡོད་པར་ངེས།།
སྐུལ་མ་དང་སྨོན་ཚིག་སྦྲག་མ་འདི་ནི་ལྷ་ལྡན་ཞིང་དུ་ཁྱུང་པོ་དཔལ་རྒྱལ་
འབོད་པ་དེས་ས་གའི་ཟླ་བའི་ཚེས་བཅོ་ལྔ་ཉིན་ཤར་མར་བྲིས་པའོ།།
༣
དམག་དཔོན། རྡོ་རྗེ།
རབ་དཀར་ལ་རྒྱ་གཙང་བའི།། དྲ་གྲོགས་བསྟན་འཛིན་ཡེ་ཤེས།།
ས་ཕྱོགས་གང་དུ་སོང་ཡང་།།གངས་ལྗོངས་གླེང་སྟེགས་མ་བརྗེད།།
ཕྱི་གོས་དཀར་བའི་ལས་ལ།།ནང་སེམས་འོ་མ་བཅུག་རོགས།།
གངས་ལྗོངས་མང་ཚོགས་བདེ་སྡུག།ཁྱེད་ཚོའི་ལག་ན་ཡོད་པས།།
ལྷག་བསམ་རྣམ་པར་དག་པོས།།དམངས་ཀྱི་ཆེད་དུ་འབད་རོགས།།
བང་འགྲན་རྒྱུགས་རྭ་འདི་ནས།།ལྷ་རྗེའི་མདུན་ལམ་རྙེད་ཕྱིར།།
ལྷག་བསམ་དག་པའི་སྨོན་ལམ།།རྡོ་རྗེས་རིང་ནས་བཏབ་ཆོག།
༤
མདའ་དཔོན། ཆོས་དཔལ་བཟང་པོ།
གྲོགས་པོ་ཁྱེད་གང་དུ་ཕེབས་ཀྱང་བྱ་བ་ལམ་འགྲོ་ཡོང་ཞིང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་ཡང་ཡང་འདེབས།
གོ་སྐབས་འདི་བརྒྱུད་དེ་གྲོགས་པོ་གཞན་དག་གིས་ཀྱང་རིན་བྲལ་གྱི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཤིང་
ང་ཚོའི་ཐུན་མོང་གི་གླེང་སྟེགས་འདི་ཕུན་སུམ་ཚོགས་པའི་ཐད་ལ་ནུས་པ་འདོན་རྒྱུ་མི་བརྗེད་པར་སྨོན།
༥
གླེང་སྟེགས་འགོ་འཛིན་པ། ཆུ་གཏེར།
དོན་ཡོད་ལས་ཤིག་སྒྲུབ་པར།དོན་ལྡན་རྒྱུ་ལམ་དེད་ནས།།
དོན་གྱི་གནད་ལ་འབེབས་པའི།།དོན་འཁྱོལ་ལམ་དེར་སྙེགས་འདུག།
༦
རྒྱལ་པོ་རིན་པོ་ཆེ། ཐུབ་བོད།
དང་པོ་ཤེས་བྱའི་གནས་ལ་སྦྱངས་། །བར་དུ་སྤྱི་ཚོགས་ལས་ལ་ཞུགས། །
ཐ་མར་ཀུན་ལ་ཕན་པ་སྒྲུབས། །ཐོག་མཐའ་བར་དུ་དགེ་གྱུར་ཅིག
༧
དམག་དཔོན། ལུག་རྫི་དབང་བཟང་།
མི་ཚེའི་འགྲོ་ལམ་རིང་པོར།།དཀའ་སྡུག་སྤྱད་པ་གནང་དང།།
སྐུ་ཉིད་ཕེབས་པའི་ས་ལ།།ལུག་རྫིའི་སྨོན་འདུན་ཡོད་དོ།།
༨
དམག་དཔོན། བཙན་རྒོད།
རིང་མིན་ཐུང་མིན་ལམ་འདི། །དཀའ་ཚེགས་ཇི་ལྟར་ཆེ་ཡང་། །
ཁྱེད་ཅག་ལྷ་རྗེའི་ཕྱག་རྗེས། །མི་བརྗེད་ཡིད་ལ་ཟུངས་ཡོད། །
དྲ་གྲོགས་བསྟན་འཛིན་ཡི་ཤེས ། ། ལྷག་བསམ་རྣམ་པར་དག་པའི། །
སྒོ་གསུམ་དད་པ་རྩེ་གཅིག ། གཞན་ཕན་བདེ་བར་ཕུལ་རོགས། །
གཞན་ཡུལ་ཀོང་ཏུང་གྲོང་ན། །ལྷད་མེད་གསར་བུ་འགའ་དང་། །
རང་སྐད་འཕེལ་རྒྱས་སླད་དུ། །བརྩོན་པའི་རྟ་ཕོར་བཅིབས་པའི།
དགེ་མིང་བཙན་རྒོད་བྱ་བས། ས་ག་ཟླ་བའི་ཉིན་མོར། །
སེམས་ཁོངས་བརྡོལ་བའི་སྨོན་ཚིག །ཡང་ནས་ཡང་དུ་བཏབ་ཡོད། །
གྲོགས་ཁྱེད་མ་འོངས་ལོ་ཟླའི་ནང་ཐམས་ཅད་ཡིད་བཞིན་འགྲུབ་པའི་སྨོན་འདུན་དང་བཅས།
གཞན་ཡུལ་ན་གནས་པའི་བཙན་རྒོད་བྱ་བའི་མིང་ཅན་ནས།
༩
དམག་དཔོན། གཡུང་དྲུང་བཀྲ་ཤིས།
བུ་དམ་པ་བསྟན་འཛིན་ཡེ་ཤེས། ། གསོ་རིག་བསྟན་པའི་བྱ་བ་ཁུར་ཆེན་པོ།
ཡོངས་སུ་འཛིན་པའི་སྙིང་སྤོབས་རྒྱས་དང་ལྷན། རིག་པ་ཡེ་ཤེས་བློ་གྲོས་དྭངས་མའི་བཅུད།
ཅི་འདོད་འཇོ་ལ་བོན་སྐྱོང་སྲུང་མས་གཡོལ།རྒྱུགས་འབྲས་ཡག་པོ་ཞིག་ཐོབ་དགོས་ན།
གཅིག་ནས་དུས་རྒྱུན་དུ་བརྩོན་འགྲུས་ཡག་པོ་བརྩམས་ནས་གོ་བ་
ཡག་པོ་ལོན་རྒྱུའི་ཐད་ལ་འབད་འབུངས་གཙིགས་ཆེར་འཛིན་དགོས།
དེ་ལྟར་གནང་ཐུབ་ཚེ་ཚིག་ཇི་བཞིན་འབྱུང་མ་ཐུབ་རུང་།
དོན་མི་འཕྱུགས་པས་ལན་གནད་ལ་འཁེལ་ཐུབ།
གཉིས་ནས་རང་གིས་རང་ལ་ཡིད་ཆེས་པའི་སེམས་མནལ་དུ་འབེབས་ཐུབ་པ་དགོས།
ཐེ་ཚོམ་དང་བློ་མི་བདེ་བ་འཚབ་འཚུབ་གནང་དྲགས་ན་ཁྱེད་ནས་བྱན་ཆུད་པའི་
དོན་གནད་མང་དགཞིག་འཇིགས་དངངས་ཀྱིས་ཐོལ་བྱུང་དུ་འཇིག་སྲིད་པས་སེམས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།
གསུམ་ནས་རྒྱུགས་ཤོག་གི་ངོས་རྣམས་ལ་ཡིག་གཟུགས་གྲལ་འགྲིགས་ལ་ནག་ནོག་གི་དྲི་མས་མ་འགོས་པ་དག་ཆ་སོགས་ལ་
ཧོལ་རྒྱུགས་མ་ཤོར་བ་གནང་རྒྱུ་གལ་ཆེ་བ་བཅས་བསྟན་འཛིན་ཡེ་ཤེས་ལ་ཕྲན་གྱིས་ཉམས་མྱོང་གི་ཚུལ་དུ་ཞུས་པ་མུ་ཙུག་སྨར།
བསྟན་འཛིན་ཡེ་ཤེས་ལགས་ཁྱེད་རང་ནམ་རྒྱུན་བརྩོན་འགྲུས་ཀྱི་རང་འགུལ་གཞན་དང་
མི་འདྲ་བ་ཞིག་ཡོད་པ་རང་རེ་ཐུན་མོང་ནས་ཁས་ལེན་གྱིན་ཡོད།
དེས་ན་འགག་རྩའི་དུས་སུ་སེམས་ཤུགས་ལྡབ་བརྒྱ་བསྐྱེད་ནས་ངེས་པར་རྒྱལ་ཁའི་ཕྱོགས་སུ་སྤོབས་པ་ཆེན་པོས་བསྐྱོད་དགོས།
འདིར་སྤོབས་པ་ཞུ་བ་ནི་ང་རྒྱལ་ཞེས་པའི་གོ་དོན་མིན་པར་རང་གིས་རང་ལ་ཡིད་ཆེས་བརྟན་པོ་དགོས་པའི་དོན་དུ་སྨོན་པ་ཡིན། ངེས་པར་དུ་སྙིང་རུས་ཆེན་པོས་མདུན་དུ་བསྐྱོད་ཅིག་གུ། འབྲས་བུ་བཟང་པོ་འདོགས་ངེས་ཡིན།
༡༠
རྒྱལ་པོ་རིན་པོ་ཆེ། རྔ་བ་མེ་སྟག།
ཤེས་བརྩོན་རྟ་ཕོར་སྒ་ཆས་ལེགས་སྒྲིག་ནས།།སྤྱི་ཚོགས྄་མྱ་ངམ་ཐང་དུ་ཞུགས་གྱུར་དུས།།
ཕ་ཡུལ་སྔོ་ལྗང་ཅན་དུ་འགྱུར་བའི་ལས།།ཅི་བསམ་ཡིད་བཞིན་འགྲུབ་པའི་སྨོན་འདུན་འབུལ།།
༡༡
སྤྱི་དཔོན། ཁམས་རྣམ་ལྕགས།
གང་བྱས་ལས་ལ་ཐོགས་མེད་མྱུར་མགྱོགས་ཤེས་རབ་རྣམ་པར་བཀྲ། །
བསམ་ངན་ཐལ་བར་བརླག་པའི་སྙིང་སྟོབས་གནམ་ལྕགས་ཅོ་འདྲི་ཤིས། །
ལྷུན་པོ་ཇི་བཞིན་སྣ་ཚོགས་རྐྱེན་གྱིས་གཡོ་མེད་སེམས་ཉིད་བདེ། །
འགྲུབ་འགྱུར་སེམས་ཅན་དོན་ལ་ཐེ་ཚོམ་དབེན་པའི་རྟེན་འབྲེལ་ལེགས། །
ལྔ་ཟུང་རིག་པའི་དགའ་ཚལ་དུ། །རྩེན་པའི་བློ་གསལ་རྐང་དྲུག་ཁྱེད། །
བློ་གྲོས་གཤོག་ཟུང་བདེ་བའི་གར། གང་དུ་བསྒྱུར་ཀྱང་དགེ་གྱུར་ཅིག །
གསོ་རིག་གཞུང་གི་དགོངས་དོན་ལྟར། ལག་ལེན་མཐའ་དག་བདེ་བླག་ཏུ། །
འཁྱོལ་ནས་འགྲོ་བའི་ཉེར་འཚོ་རུ། འགྱུར་བའི་སྨོན་པ་བགྲངས་མི་ལངས། །
༡༢
སྤྱི་དཔོན། ཆོས་སྡོང་།
བཀྲ་ཤིས་གངས་ལྗོངས་གླེང་སྟེགས་རྭ་བ་ནས། །བཀྲ་ཤིས་གྲོགས་མཆོག་བསྟན་འཛིན་ཡེ་ཤེས་ལ། །
བཀྲ་ཤིས་སྨོན་ལམ་ལན་བརྒྱ་རུ་བཏབ་ནས། །བཀྲ་ཤིས་བདེ་ལེགས་གང་བསམ་ལྷུན་འགྲུབ་ཤོག །
༡༣
སྤྱི་དཔོན། ལྷོ་སྨྱོན་གླུ་ཤར།
ཤེས་བྱའི་རྒྱལ་པོར་དོན་ཀྱི་རྩ་འབིགས་པའི།བསྟན་འཛིན་ཡེ་ཤེས་ཆོག་ལ་སྨོན་པའི་ན།
མ་སྐད་དངས་མོར་དབང་ཕྱུག་ཡིད་དམ་དེ།སྐད་པའི་སྐད་པར་གནས་པའི་བཀྲ་ཤིས་ཤོག།
༡༤
སྐྱ་དམག། གངས་ཕྲུག
སློབ་མའི་དུས་ལ་སྦྱང་པའི། ། ཤེས་བྱ་ཡོན་ཏན་སྣ་ཚོགས། །
གངས་ཅན་ལྗོངས་ལ་འཁྱེར་ཏེ། ། ཆོལ་གསུམ་ཆེད་དུ་འབད་རོགས། །
གུས་པ་ཆུ་ཚད་དམན་པས་ཡག་པོ་ཞིག་འབྲི་མ་ཐུབ་པས་དགོངས་འགལ་
མེད་པ་ཞུ་སྤུན་ཟླ་ལགས་ཁྱེད་བསམ་དོན་ཡིད་བཞིན་སྒྲུབ་པའི་སྨོན་འདུན་ཞུ། །
༡༥
སྐྱ་དམག། རྩམ་ཟན།
དང་པོ་རྒྱ་ཆེན་ཤེས་བྱའི་གནས་ལ་སྦྱངས།།བར་དུ་ཐུན་མོང་སྤྱི་བའི་ཉམས་མྱོང་ལོང།།
ཐ་མར་འཚེ་མེད་ཞི་བདེའི་ལས་དོན་སྒྲུབས།།བསྟན་འཛིན་ཡེ་ཤེས་ཐོག་མཐའ་བར་དུ་དགེ།