ཨ་མའི་དུས་ཆེན་ལ་ཕུལ་བ།
ཨ་མ་ལགས། ཁྱེད་ནི་ངའི་སྙིང་གི་ཕྱེ་ཀ་ཡིན་པས་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།
ཁྱེད་ཡོད་པས་ངེད་ཚང་གི་ཁྱིམ་ཚང་ལ་དགའ་སྐྱིད་ཀྱི་དགོད་སྒྲ་ལྡན་ལ། བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད།
ཁྱེད་ཡོད་པས་མི་གཞན་དང་འདྲ་བའི་ཤེས་རིག་གི་གཤོག་རྩལ་རྒྱས་བཞིན་
རང་ཚོད་ཀྱིས་མཁའ་དབྱིངས་སུ་ལྡིང་བསྐོར་རྒྱག་གིན་ཡོད།
ཁྱེད་ཀྱིས་ངེད་ཚོའི་དོན་དུ་དཀའ་ངལ་ཁྲི་ཕྲག་མང་པོ་ཁྱད་དུ་བསད་ནས་དང་པོ་དུད་འགྲོ་ལྟ་བུའི་
ཤེས་མེད་ཀྱི་བུ་ཕྲུག་ང་ཚོར་ཤེས་རིག་སློབ་གླིང་དུ་བསྐྱལ་ནས་སྨྲ་ཤེས་དོན་གོ་བའི་མི་བུ་ཞིག་ཏུ་འགྱུར་བ་བྱས།
མ་ཟད་བུ་ཕྲུག་ངེད་ཚོའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་ཐད་ལ་སེམས་ཕྲལ་གྱིས་དགོང་མོའི་གཉིད་ཐབས་བཅད་པ་ཐེངས་གཅིག་ཀྱང་ག་ལ་ཡིན།
འོན་ཀྱང་ངོ་ཚོས་དུས་རྒྱུན་ནས་རང་རང་ཁོ་ནའི་ཆེད་དུ་མགོ་འཁོར་བས་ཁྱེད་ལ་ཞབས་ཕྱི་ལེགས་པོ་ཞིག་
སྒྲུབ་མ་ཐུབ་པས་ཤིན་ཏུ་ནས་འགྱོད་པ་ཆེའོ། །
དེ་རིང་ངས་འདི་ནས་ཁྱེད་ལ་བརྗོད་འདོད་པ་ནི་ཁ་མིན་སེམས་གཏིང་ནས་སྨོན་ཚིག་ཁ་ཤས་མཆིས་ཏེ།
ཁྱེད་ཀྱི་སེམས་ལ་སྡུག་བསྔལ་མེད་ཅིང་གང་བསམ་ལྷུན་གྱི་གྲུབ་པ་དང་།ལུས་ལ་ན་ནད་མེད་ཅིང་གང་བྱས་དོན་སྙིང་ལྡན་པ།
ནམ་ཡིན་ཡང་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་འདི་ཡིས་སྲོག་ཤིང་ལྟ་བུའི་ཨ་མ་ལགས་ཞེས་འབོད་རྒྱུ་ལྡན་པར་ཤོག །
གསལ་བཤད།
རྩོམ་འདི་ནི་དྲྭ་ཁང་དུ་ཤར་མར་བྲིས་པས་ཚིག་སྦྱོར་སོགས་གང་གི་ཐད་ནས་སྙན་པོ་མེད་སྲིད་པས་དེ་ལུགས་ཐུགས་འཇག་ཞུའོ།
གནམ་འོག་གི་མ་ཡུམ་དག་ནད་མེད་ཚེ་རིང་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་ཞུ། །
ཨ་མའི་དུས་ཆེན། ༢༠༡༡ལོའི་ཟླ་༥པའི་ཚེས་༨ཉིན།
བསྟན་འཛིན་ཡེ་ཤེས་ནས།