སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གདམས་ངག །       འོས་སྦྱོར།
[ 2011/6/15 17:33:00 | By: ལྷ་གཡག་དར་མ། ]
 

གདམས་ངག ། 

     ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། །

སྐལ་ལྡན་སློབ་མར་གདམས་པའི་གཏམ་འཇིག་རྟེན་མེས་པོའི་ངག་རྒྱུན་ཞེས་བྱ་བ་ན་མ་ལོ་ཀ་ཤྭ་ར་ཡེ། ། 

གཞི་དབྱིངས་ཀ་དག་འོད་གསལ་བོན་གྱི་སྐུ། སྒྱུ་འཕྲུལ་ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས། །

གང་འདུལ་ཐུགས་རྗེའི་དཔལ་ཤར་སྤྲུལ་པའི་གར། །མཁན་ཆེན་ཕུན་ཚོགས་བློ་གྲོས་ཞབས་ལ་བཏུད། །

 

ཚོགས་གཉིས་ལུས་ལ་བསླབ་གསུམ་རྒྱན་རྫོགས་པའི། །སྐལ་ལྡན་གྲོགས་རྣམས་དགའ་བའི་སྙན་གསོན་དང་། །

བོན་ཆོས་མདོ་སྔགས་བཀའ་ལུང་རྒྱ་མཚོ་ཡི། །ཡང་བཅུད་མན་ངག་གདམས་པའི་གཏམ་འདི་ཞུ། །

 

ཚོགས་སྨོན་སྔོན་ལས་བཟང་པོའི་མཐུས་བསྐྱེད་པའི། །དལ་འབྱོར་འདི་ནི་ཡང་ཡང་རྙེད་དཀའ་བས། །

རྙེད་ཚེ་ཆུད་ཟོས་མེད་པར་རྣམ་དཀར་ལ། །འཇུག་པ་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

མི་ཡི་ཚེ་འདི་རླུང་གསེབ་མར་མེ་ལྟར། །བརྟན་པ་འགའ་མེད་མི་རྟག་འཆི་བར་ངེས། ། 

འཆི་དུས་བློ་འགྱོད་མེད་པའི་དགེ་སྦྱོར་ལ། །བརྩོན་པ་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

ཤི་ཚེ་བཟང་ངན་དགེ་སྡིག་ལས་ཀྱིས་བྱེད། །དགེ་བས་མཐོ་རིས་སྡིག་པས་ངན་འགྲོར་སྐྱེ། །

རྒྱུ་འབྲས་དཀར་ནག་སྤང་བླང་འཛོལ་མེད་དུ། །བསྲུང་བ་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

འཁོར་བའི་གནས་རིགས་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་ཆུ་བཞིའི་ཀླུང་ལས་འདས་པ་མེད། །

ངེས་ལེགས་ཐར་པའི་ཁང་བཟང་བདེར་བགྲོད་པར། །བྱེད་པ་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

མཐོ་རིས་ཐར་པའི་ནོར་གླིང་ཕྱིན་པ་ལ། །དལ་འབྱོར་དགེ་བའི་གྲུ་ལ་མ་བརྟེན་ན། །

དམུས་ལོང་རྐང་འཁྱམས་མི་ཐར་ད་རེས་དུས། ། ཐར་པའི་དགེ་སྒྲུབས་ཁོ་བོའི་གདམས་ངག་ཡིན། །

 

སྒྱུ་མའི་ཐོ་ཡོར་ལུས་ཕུང་ཁང་རྒན་ལ། །ལོ་ཟླ་ཞག་དུས་ཆ་ཆུའི་ཐིགས་པ་བརྡོལ། །

རིམ་གཉིས་ཟབ་མོའི་བཟོ་སྐྱོར་མ་བྱས་ཏེ། །འགྱུར་མེད་བརྟན་བྱོས་ཁོ་བོའི་གདམས་ངག་ཡིན། །

 

དུག་ལྔའི་སྡོང་པོར་ཉོན་མོངས་ལོ་འདབ་རྩེར། །ཚོགས་དྲུག་སྤྲེའུ་ཟློས་གར་བསླུ་བྲིད་མཁས། །

རྣམ་རྟོག་བྱིས་པ་རྩེད་མོར་མ་ཡེངས་པར། །རིག་པའི་རྩལ་སྦྱོངས་ཁོ་བོའི་གདམས་ངག་ཡིན། །

 

འདིར་སྣང་འཁོར་བའི་ཁྲོད་དུ་བདུད་བཞིའི་ཇག །ཆོས་བརྒྱད་ཆོམ་རྐུན་ཁ་ཚ་འཕགས་པའི་ནོར། །

འཆོར་ཉེན་ཆེ་བས་སྤྲོས་མེད་སྒྲོམ་ཁང་དུ། །སྦེད་ན་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

སྙོམ་ལས་ལེ་ལོའི་ནགས་ནང་གཉིས་སྣང་གི །རྔོན་པའི་ཁྱི་སྐྱེན་གཟུང་འཛིན་རྙི་རྒྱ་མང་། །

སེམས་ཀྱི་རི་དྭགས་བོན་ཉིད་བྲག་རིར་སྙེགས། །གཏན་བདེའི་ཡུལ་ཟུངས་ཁོ་བོའི་གདམས་ངག་ཡིན། །

 

བླ་མེད་ཡུལ་མཆོག་གནས་བཞིའི་ཞིང་ས་རུ། །སྒོ་གསུམ་སྐྱབས་འགྲོའི་ས་བོན་ལེགས་བཏབས་ཤིང་། །

དད་མོས་གུས་པས་སོ་ནམ་རེམ་བྱས་ན། །ཡོན་ཏན་འབྲས་སྐྱེ་ཁོ་བོའི་གདམས་ངག་ཡིན། །

 

འགྲོ་དྲུག་ཕ་མར་བྱང་ཆུབ་སེམས་མཆོག་གིས། །སྐྱོངས་ཤིག་བདག་བས་གཞན་གཅེས་ཕྱག་ལེན་གྱིས། །

རྒྱལ་སྲས་སྤྱོད་ལམ་ཐེག་ཆེན་སྲོག་བཟུང་ན། །དོན་གཉིས་འགྲུབ་བོ་ཁོ་བོའི་གདམས་ངག་ཡིན། །

 

གཉིས་སྣང་འཁྲུལ་པའི་བག་ཆགས་རི་བོ་ལ། །ལས་རྐྱེན་སྡིག་སྒྲིབ་རྩི་ཤིང་རྩད་འབྱིན་པའི། །

སྟོབས་བཞིའི་ཟོར་བས་བྲེག་པའི་བཤགས་སྦྱངས་ལ། །འབད་ན་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

ཚོགས་གཉིས་བསགས་པའི་ལོ་འདབ་བཟང་པོ་ལ། །ལས་ཉོན་དྲི་མའི་ལྡུམ་བུ་ལེགས་བསལ་ནས། །

མཆོད་ཚོགས་མཎྡལ་སྙེ་མ་ཡོངས་བསྐྱེད་པའི། །འབུལ་བ་བགྱིད་དགེ་ཁོ་བོའི་གདམས་ངག་ཡིན། །

 

ས་ལམ་གོལ་ཤོལ་གེགས་ཚོགས་སད་སེར་རྣམས། །བྱིན་རླབས་ཐུགས་རྗེའི་སྤྲིན་གྱིས་སྐྱབས་ཕྱིར། །

རྩ་བརྒྱུད་དཔལ་ལྡན་བླ་མ་གསོལ་འདེབས་ཀྱིས། །ཐུགས་བརྒྱུད་བསྐུལ་ལེགས་ཁོ་བོའི་གདམས་ངག་ཡིན། །

 

བླ་མར་གསོལ་བཏབ་མཆོག་ཐུན་དངོས་གྲུབ་འབྱུང་། །རྐྱེན་ངན་བར་ཆད་གང་བྱུང་གྲོགས་སུ་འཆར། །

སྐུ་བཞིའི་ལོ་ཏོག་འབྲས་བུ་མྱུར་སྨིན་པས། །དད་མོས་གུས་བསྐྱེད་ཁོ་བོའི་གདམས་ངག་ཡིན། །

 

རྒྱལ་བའི་ཆོས་སྒོར་མཐའ་དག་མདོར་བསྡུ་ན། །འབྲས་བུ་བླ་མེད་གསང་སྔགས་རྫོགས་པ་ཆེའོ། །

གདམས་པའི་ཡང་བཅུད་གབ་པ་མངོན་ཕྱུང་ནས། །ཉམས་སུ་ལེན་བྱ་ཁོ་བོའི་གདམས་ངག་ཡིན། །

 

འདི་ལྟར་ཕྱི་ནང་སྣང་བའི་ཆོས་རྣམས་ཀུན། །སྣང་དུས་ཉིད་ནས་སྟོང་པས་ཡོད་མ་མྱོང་། །

སྒྱུ་མའི་དཔེ་བཅུ་བཞིན་དུ་རང་བཞིན་མེད། །གཞི་མེད་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

ཡེ་ནས་མ་སྐྱེས་གདོད་ནས་རྣམ་དག་པས། །བཟུང་བའི་ཡུལ་མེད་འཛིན་པའི་སེམས་མེད་ཅིང་། །

ཐམས་ཅད་མཉམ་རྫོགས་ཆོས་ཉིད་གཅིག་གི་ངང་། །རྩ་བྲལ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

ཕྱི་རོལ་ས་ཆུ་མེ་རླུང་ནམ་མཁའ་དང་། །རི་རབ་གླིང་བཞི་ལྷ་གནས་ཉི་ཟླ་སོགས། །

གདོད་ནས་མ་གྲུབ་བརྗོད་མེད་ཀ་ནས་དག །དམིགས་མེད་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

རིགས་དྲུག་སྐྱེ་འགྲོ་སྐྱེ་འཆི་འགྲོ་འོང་དང་། །བདེ་སྡུག་ལེགས་ཉེས་བཟང་ངན་བྱ་བྱེད་ཀུན། །

བདེན་པར་མི་སྲིད་སེམས་ཀྱི་གཤིས་ཉམས་ཙམ། །སྤྲོས་བྲལ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

འདོད་ལྔིའ་ཡུལ་དང་སྣང་བའི་ཆོས་སོ་ཅོག ། ང་བདག་ལུས་དང་ཕུང་ཁམས་འཛིན་ཤེས་བཅས། །

གདོད་ནས་མ་གྲུབ་མཉམ་རྫོགས་ཕྱལ་བ་ཆེ། །འཛིན་མེད་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

རྨི་ལམ་སྣང་བའི་དུས་ནས་སྟོང་པ་བཞིན། །སྣང་སྲིད་དྲི་ཟའི་གྲོང་བཞིན་རང་བཞིན་མེད། །

ཡེ་ནས་དག་པས་དམིགས་མེད་བརྗོད་ལ་འདས། །མཐའ་བྲལ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

སྟོང་པའི་ངོ་བོ་ཐ་མལ་ཟང་ཀ་མ། །ཕྱི་དང་ནང་མེད་རྒྱ་ཆད་ཕྱོགས་ལྷུང་མེད། །

འཛིན་མེད་གཏད་མེད་རྒྱ་གྲོལ་ཧར་སངས་ཡན། །བློ་འདས་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

བསྒོམ་བཅོས་བསྒྱུར་བསམ་ལས་འདས་རང་ཁར་འདུག །གང་ཤར་རང་གྲོལ་རང་བྱུང་རིག་པའི་འགྲོས། ། 

ལྷ་མེད་འདྲེ་མེད་རིག་རྩལ་རོལ་པའི་རྒྱན། །དག་མཉམ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

འཁོར་འདས་གཉིས་མེད་སྐུ་གསུམ་ཡེ་རྫོགས་ཐུགས། །རྒྱུ་མེད་རྐྱེན་མེད་ཡེ་གྲོལ་རོལ་པའི་གསུང་། །

སྲིད་དང་ཞི་མེད་དག་པ་གཉིས་ལྡན་སྐུ། །ཀ་དག་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

མ་སྐྱེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཡིན་མིན་ལས་འདས་ཆེད་འཛིན་གཟའ་གཏད་བྲལ། །

སྟེང་འོག་ཕྱོགས་མེད་ཁྱབ་གདལ་དག་པའི་དབྱིངས། །ཀློང་ཆེན་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

དངོས་ཚན་ཡུལ་མེད་མཐོང་བ་རྒྱ་ཡན་ཆེ། །འཁྲུལ་པ་གཞི་མེད་རྩ་བྲལ་གདོད་མིས་གཤིས། །

ཐུགས་རྗེ་འགགས་མེད་ཆོས་ཉིད་རོལ་པའི་རྒྱན། །ལྷུན་གྲུབ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

མི་རིག་སྒྲིབ་གཉིས་སྒོང་རྒྱ་དབྱིབས་སུ་རལ། །འཁོར་བའི་སྣང་སེམས་སྐུ་དང་ཡེ་ཤེས་རྟོགས། །

རྟོག་ཚོགས་ཐམས་ཅད་རིས་མེད་ཆོས་སྐུར་དག །ཡེ་དག་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

ལྟ་དང་མི་ལྟ་སྒོམ་དང་མི་སྒོམ་མེད། །སྤྱོད་དང་མི་སྤྱོད་སྤང་བླང་སྒྲོག་ལས་གྲོལ། །

རེ་དང་དོགས་མེད་འབྲས་བུ་འཐོབ་བློ་ཟད། །ཆོས་ཟད་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

གང་ཡིན་ཀུན་ཡིན་གང་ཤར་ཤར་མ་ཤར། །ཤར་གྲོལ་དུས་མཉམ་རྒྱ་གྲོལ་ཡངས་པ་ཆེ། །

གཞི་གྲོལ་དག་མཉམ་རྣམ་གྲོལ་གསང་བའི་མཁའ། །ཡེ་གྲོལ་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

ཆོས་རྣམས་ཐམས་ཅད་ཟད་མེད་སྤྲོས་དང་བྲལ། །སྒྲ་གྲགས་ཐམས་ཅད་གཞི་མེད་རིག་པའི་རྩལ། །

ཉག་གཅིག་བལྟ་བ་ཁོ་བོའི་གདམས་ངག་ཡིན། 

 

འཕེལ་འགྲིབ་མེད་པ་དྲི་བྲལ་ཆོས་སྐུའི་མཁའ། །གྲྭ་ཟུར་མེད་པ་ཐིག་ལེ་ཉག་གཅིག་ཀློང་། 

འཕོ་འགྱུར་མེད་པ་གཞོན་ནུ་བུམ་སྐུའི་དབྱིངས། །རྫོགས་ཆེན་བལྟ་བ་ཁོ་བོའི་གདམས་ངག་ཡིན། །

 

 དེ་ལྟར་ལྟ་བའི་གནས་ལུགས་ངོ་འཕྲོད་ནས། །བསྒོམ་ནུས་ཚེ་འདིར་སངས་རྒྱས་ངེས་པར་འཐོབ། 

དེ་གྲོགས་དད་པ་དམ་ཚིག་བརྩོན་འགྲུས་གསུམ། །མེད་ཐབས་མེད་དོ་ཁོ་བོའི་གདམས་ངག་ཡིན། 

 

དེ་མིན་ཆ་ལུགས་ཚུལ་འཆོས་མཁས་ན་ཡང་། །དུག་ལྔ་མེ་འབར་ནོར་འདོད་ཆགས་ཞེན་གྱི། །

འཛིན་དོམ་དུས་ཀྱི་དགེ་བཤེས་མིང་གྲགས་ལས། །རང་རྒྱུད་འདུལ་ཁོ་བོའི་གདམས་ངག་ཡིན། །

 

རང་རྒྱུད་ཀོ་ལོང་མང་ལ་བཟོད་བསྲན་ཆུང་། །གཞན་དག་ཁྱད་གསོད་སྐུར་འདེབས་ཁྱི་ལྟར་དུ། །

ཟུག་པ་སྙིགས་མའི་སྟོན་ཆེན་མཛད་པ་བས། །རང་སེམས་ཞི་བ་ཁོ་བོའི་གདམས་ངག་ཡིན། །

 

བདག་ཉིད་གསང་སྔགས་རློམས་ན་སྙིང་ཁམས་མཐོ། །བསྐྱེད་རྫོགས་སྒོམ་སྤངས་སྡིག་གྲོགས་ཤ་ཆང་ལ། །

འདོད་སྤྱོད་དུས་མཐའི་སྔགས་པ་བྱེད་པ་བས། །རང་ཚུལ་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

ནང་གི་བདག་འཛིན་ཞེ་སྙེམས་མི་གཅོད་པར། །ཕྱི་ཡུལ་གཅོད་པའི་མཛད་སྤྱོད་མངོན་ཤེས་འཆད། །

ལྷ་མཐོང་འདྲེ་མཐོང་དུས་མཐའི་གཅོད་པ་བས། །རང་དྲེགས་ཆོད་པ་ཁོ་བོའི་གདམས་ངག་ཡིན། །

 

གཞན་ལ་ལུང་བསྟན་མཁྱེན་པས་ས་སྟེང་བཀང་། །རང་རྒྱུད་བློ་ཕུག་ཆོས་བརྒྱད་ཞེ་ལ་བརྣག །

ཟོག་རྫུན་མགོ་བསྐོར་དིང་སང་རྣལ་འབྱོར་བས། །རང་རྒྱུད་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

ཚེ་འདིར་བློས་བཏང་ཡིན་མདོག་ཆོས་བརྒྱད་བསྒྲུབ། །ཞེ་རྒྱུད་བདུད་ཀྱིས་བརླམས་པའི་རྟགས་མཚན་སྟོན། །

ཆགས་སྡང་གཡོ་འཁྲུལ་སྙིང་མའི་གྲུབ་ཐོབ་བས། །རང་ཡིད་རྣལ་གནས་ཁོ་བོའི་གདམས་ངག་ཡིན། །

 

ཞི་ནས་ཉམས་ཞེན་མི་ཚེ་དོན་མེད་ཟད། །ཡང་ན་སྟོང་ལྟ་ཧད་བསྒོམ་རྒྱུ་འབྲས་བོར། །

རྨུན་སྒོམ་ཆེར་བརློམས་རྩོད་དུས་སྒོམ་ཆེན་པས། །རང་བསམ་བཟང་བ་ཁོ་བོའི་གདམས་ངག་ཡིན། །

 

འཁོར་གཡོག་སློབ་མ་ཡོན་བདག་ས་ཕྱོགས་ཁེངས། །འདུ་འཛིའི་རྣམ་གཡེང་རང་གཞན་མི་ཚེ་ཐལ། །

འགྲོ་དོན་ཆེ་མདོག་དིང་དུས་བླ་དཔོན་བས། །རང་སྤྱོད་ཞི་བ་ཁོ་བོའི་གདམས་ངག་ཡིན། །

 

དབུལ་ཕོངས་རྣམ་ལ་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཚོགས་འཁོར་བསྐོར་ལ་སོགས། །

དགེར་བརྟེན་གཞན་སྡིག་གསོག་པའི་བླ་མ་བས། །རང་སེམས་དགེ་བ་ཁོ་བོའི་གདམས་ངག་ཡིན། ། 

 

བསྟན་དོན་ཡིན་མདོག་དཀར་ནག་འབུལ་སྡུད་ཉུལ། །གྲགས་འདོད་མང་འགྱེད་གཏོང་སྒོ་ཡོ་ལང་སོགས། །

འདིར་སྣང་ཆེ་སྙན་སྒྲུབ་པའི་མཁན་པོ་བས། །རང་ཚུལ་ཞི་བ་ཁོ་བོའི་གདམས་ངག་ཡིན། །

 

འཁོར་འདས་ལམ་གསུམ་མཉམ་དོན་རྟོགས་ལོ་བས། །སྤོང་ལེན་མེད་པ་འདོད་ཡོན་རང་དགར་སྤྱོད། །

ཁ་ལྟ་མཐོ་སྐད་སྙིགས་མའི་རྟོགས་ལྡན་པས། །རང་བློ་བག་ཕེབས་ཁོ་བོའི་གདམས་ངག་ཡིན། །

 

ནང་ཚུལ་ཉོན་མོངས་ཆགས་སྡང་མ་ཞིག་པར། །ཕྱི་ཡི་འཁྲུལ་པ་ཞིག་མདོག་སྨྱོ་སྤྱོད་བྱེད། །

དུས་ལྔ་ཁ་འབྱམས་དུས་ངན་འཁྲུལ་ཞིག་བས། །རང་སྤྱོད་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

འཇིག་རྟེན་བྱ་བྱེད་ཕལ་ལས་ལྷག་པར་བསྒྲུབ། །གཞན་ལ་རེ་ལྟོས་ངོ་སྲུང་སུ་ལས་མཁས། །

སྣ་ཐག་མི་ལ་ཤོར་བའི་བྱ་བྲལ་ལས། །རང་ཡིད་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

འདུ་འཛིན་རྣམ་གཡེང་ཁྱེར་ནས་རི་ལ་བགྲོད། །དེས་ཀྱང་མི་ཚུགས་དཀོར་ནག་གྲོང་ཡུལ་འགྲིམ། །

དབེན་ཁྲོད་ཁ་ཚོན་གཅོད་པའི་རི་པ་བས། །རང་ཁྱིམ་དགེར་གནས་ཁོ་བོའི་གདམས་ངག་ཡིན། །

 

ནངས་ནུབ་སྦུད་པའི་དབུགས་བཞིན་རླུང་ཕིང་ཕིང་། །ཉིན་མོ་རས་ཟན་གྱོན་ནས་ཆང་ཁང་འགྲིམ། །

ཨོལ་ཟོབ་གཞན་མགོ་སྐོར་བའི་རས་པ་བས། །རང་སྤྱོད་དགེ་བ་ཁོ་བོའི་གདམས་ངག་ཡིན། །

 

ཕྱི་རོལ་ཐོ་བརྩེགས་མེ་ཉི་མར་ཉལ། །ཁང་པའི་སྒོ་བཅད་ནང་དུ་འཁྲུལ་པས་གཡེང་། །

རྣམ་རྟོག་ཆུ་འབྲུག་དུས་ཕྱིས་མཚམས་པ་བས། །རང་བློ་ཞི་གནས་ཁོ་བོའི་གདམས་ངག་ཡིན། །

 

དང་པོ་བླ་མ་བསྟེན་ནས་དབང་ཁྲིད་ཞུ། །བར་དུ་དགེ་སྦྱོར་མི་སྒྲུབ་ཟུར་ཟ་བྱེད། །

ཐ་མ་དམ་འགལ་དིང་སང་ཆོས་པ་བས། །རང་སེམས་བཟང་བྱེད་ཁོ་བོའི་གདམས་ངག་ཡིན། །

 

མདོར་ན་སྙིགས་དུས་ཆོས་གཟུགས་ཕལ་ཆེ་བ། །ཕྱིན་ནང་མི་མཚུངས་དེ་ལྟའི་ལད་མོ་བས། ། 

བསམ་བཟང་དགེ་བའི་མ་ཎི་བགྲང་བགྱིད་དང་། །ཆོས་ལམ་མི་འཕྱུག་ཐར་པའི་ས་རུ་ཉེ། །

 

དེ་སྐད་སྔོན་འགྲོ་དངོས་གཞི་དེ་ཡི་གྲོགས། །སྤྱོད་པའི་ཚོམ་བཅས་གདམས་ངག་ལྔ་བཅུ་པ། ། 

རང་བལྟོས་ལི་བལ་ཡུལ་གྱི་སློབ་འབངས་ངོར། །བྲིས་པའི་དགེ་རྩ་མཁའ་ཁྱབ་འགྲོ་ལ་བསྔོ། །

 

དཔལ་ལྡན་བླ་མ་དམ་པའི་ཞབས་བརྟན་ཅིང་། །བསྟན་འཛིན་དགེ་གྲོགས་སྐྱེས་བུའི་བཞེད་དོན་འགྲུབ། །

དད་ཅན་ཡོན་བདག་ཚེ་དཔལ་འབྱོར་རྒྱས་ཏེ། །ཕྱམ་གཅིག་གདོད་མའི་གཞི་རུ་བྱང་ཆུབ་ཤོག ། 

ཅེས་པ་འདི་ནི་བལ་ཡུལ་གྱི་རང་སློབ་དགེ་བཙུན་རྣམས་ཀྱི་དོན་དུ་གྲོགས་མཆེད་དམ་པ་

དྲང་སྲོང་བོན་ཉིད་རྒྱལ་མཚན་གྱིས་གསུང་བསྐུལ་ངོར་ཕྱོགས་མེད་བྱ་བཏང་གཡུང་དྲུང་རྒྱལ་མཚན་གྱིས་བྲིས་པ་སརྦ་བི་ཛ་ཡེ ། 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.