བོན་གྱི་གཙུག་རྒྱན་རྣམ་གསུམ། །
བསྟན་འཛིན་ཡེ་ཤེས།
དབུས་གཙང་དག་པའི་ཞིང་ནས།། རྒྱལ་གཤེན་གདུང་ལས་གྲོལ་བའི། །
གཤེན་སྲས་ནོར་བུ་དབང་རྒྱལ། ། འགྲོ་བའི་མགོན་དུ་གྱུར་སོང་། །
ཁྱེད་སྐུ་ཉི་མ་གཞོན་ནུ། ། རིས་མེད་འགྲོ་ལ་ཕོག་ནས། །
ཐུགས་རྗེ་སྤྱན་གྱིས་གཟིགས་པ། ། དུས་ཀུན་ནུབ་མེད་བཀྲ་ཤིས། །
མདོ་སྨད་རྔ་ཡུལ་ལྗོངས་ནས། ། གཡུང་དྲུང་བོན་གྱི་གཙུག་རྒྱན། །
མཁན་ཆེན་བསྟན་པའི་ཉི་མས། ། སློབ་ཚོགས་གྲངས་མེད་བསྐྱངས་སོང་། །
ཁྱེད་སྐུ་ཟླ་བ་གཞོན་ནུས། ། རྨོངས་པའི་མུན་པ་བསལ་ཞིང་། །
བློ་གསལ་བོན་གྱི་འདུས་སྡེ། ། གྲངས་མེད་འཕེལ་བའི་བཀྲ་ཤིས། །
མདོ་ཁམས་ཁྱུང་པོའི་ཡུལ་ནས། ། སྨྲ་སེང་མི་ཡི་རྣམ་སྤྲུལ། །
དཔོན་སློབ་བསྟན་འཛིན་རྣམ་དག ། ལྷ་མིའི་མཆོད་སྡོང་གྱུར་སོང་། །
ཁྱེད་སྐུ་མི་འགྱུར་གཡུང་དྲུང་། ། ཚེ་བསོད་དབང་ཐང་དར་ཞིང་། །
གཡུང་དྲུང་བོན་གྱི་བསྟན་པ། ། ས་གསུམ་ཁྱབ་པའི་བཀྲ་ཤིས། །
གཞས་མ་ཞིག་གི་རེ་སྐུལ་ལྟར་རང་སེམས་མཚོན་བྱེད་ཙམ་ཤར་མར་བྲིས་པ་ཡིན།
འདི་ལ་སྐྱོན་འདྲ་ཡོད་ངེས་པས་དྲྭ་གྲོགས་ཚོས་དགོངས་ཆར་ལྷུག་སྩོལ་ཡོད་པར་མཁྱེན་མཁྱེན། །