ཁོ་བོར་འདོད།
ཀ་ཤའི་རས་ལྟར་དཀར་བའི་སློབ་ཁང་གི་ནང་ནས། །
ཁ་ཞེ་གཉིས་མེད་སློབ་ལ་བརྩོན་པ་རང་སྐྱེད་དེ། །
ག་ལེར་ལྔ་རིག་བདུད་རྩི་ངོམ་མེད་དུ་འཐུང་ནས།།
ང་ཡི་མི་ཚེའི་ཕུགས་འདུན་གསར་པ་ཞིག་འཚོལ་འདོད། །
ཅ་ཅོ་འདུ་འཛི་དབེན་པའི་སློབ་གྲྭ་ཡི་ཚལ་དུ། །
ཆ་འཇོག་འོས་པའི་བརྩེ་བའི་བཤེས་གཉེན་ལ་བརྟེན་ཏེ། །
ཇ་ཚགས་བཞིན་དུ་སྙིགས་དོར་བཅུད་ལེན་རེ་བྱས་ནས། །
ཉ་ཆུང་རྐྱལ་ལ་བརྩོན་བཞིན་རིག་གཞུང་ལ་སྦྱངས་འདོད། །
ཏ་ལེར་འཕྲད་པའི་བོད་ཀྱི་གསོ་རིག་འདིར་སྦྱོངས་རྗེས། །
ཐ་ཆད་སྒོ་གསུམ་སྤྱོད་པ་རྒྱང་རིང་དུ་དོར་ཏེ། །
ད་ལྟའི་མི་ལུས་ཐོབ་པ་དོན་ཡོད་ཞིག་བྱ་ཕྱིར། །
ན་ཚས་འཇིགས་པ་བཅོམ་མཁན་སྨན་པ་ཞིག་བྱེད་འདོད། །
པ་ཕ་ཨ་མའི་རེ་དོན་སྙིང་དབུས་སུ་བཅངས་ནས། །
ཕ་མར་གྱུར་པའི་ཉམ་ཐག་སྐྱེ་འགྲོ་ཡི་རྒྱུད་ཀྱི།།
བ་གླང་བདག་འདྲའི་རྨོངས་པའི་མུན་པ་དེ་བསལ་ཕྱིར། །
མ་འོངས་གངས་ཅན་ལྗོངས་ལ་དར་སྤེལ་ཞིག་གཏོང་འདོད། །
ཙ་རིའི་འགག་འཕྲང་ལྟ་བུའི་ལམ་བུ་འདི་བརྒྱུད་ནས། །
ཚ་གྲང་བཀྲེས་སྐོམ་དཀའ་བ་ཁྱད་དུ་རང་བསད་དེ། །
ཛ་ཡའི་གསུང་རབས་ཀུན་ལ་སློབ་གཉེར་རེ་བྱེད་དེ། །
ཝ་ལེར་ཕྱི་རབས་རྒྱུད་ལ་འཇོག་མཁན་ཞིག་བྱེད་འདོད། །
ཞ་ར་ཐང་དཀྱིལ་ལུས་པའི་བརྟུལ་ཞུགས་ལ་མི་གནས། །
ཟ་ཉམ་ལོག་པའི་བྱ་སྤྱོད་རྒྱང་རིང་དུ་སྤངས་ཏེ། །
འ་ཅག་མེས་པོའི་སྙིང་སྟོབས་སེམས་གཏིང་དུ་ཉར་ཞིང་། །
ཡ་རབས་རང་རེའི་སྲོལ་བཟང་གོང་འཕེལ་དུ་གཏོང་འདོད། །
རྭ་བ་གངས་ཀྱིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་འདིར། །
ལ་ལུང་གང་དུ་གནས་ཀྱང་ཞབས་འདེགས་རང་བསྒྲུབས་ཏེ། །
ཤ་རུས་གདུང་རྒྱུད་གཅིག་པའི་ཆོལ་གསུམ་གྱི་སྤུན་ཟླ། །
ས་ཆུ་རྩོད་མེད་མཐུན་སྒྲིལ་ལམ་བཟང་ལ་འགོད་འདོད། །
ཧ་ཅང་སྐྱིད་པའི་ཕ་ཡུལ་གངས་ཅན་གྱི་ལྗོངས་འདིར། །
ཨ་མའི་བུ་ཡིས་ཕུགས་བསམ་མ་བསྒྲུབ་པ་ལ་བརྩོན་འགྲོ། །
ཧ་ཧ་ཡིད་སེམས་མཐུན་པའི་ཤེས་ལྡན་ཚོས་གཟིགས་དང་། །
ཨ་རོགས་ཤེས་དམན་ང་ཡིས་བསམ་ཚུལ་ཙམ་བྲིས་ཡོད། །