ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/1/31 18:57:00 | By: བྲག་མགོ་ཚེ་དབང་། ]
 

གནམ་གྱི་ཁྲི་བདུན་སྐོར་གླེང་བ།

       

     བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་གོང་དུ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ་ཞེས་པ་ལས་གསལ་བའི་དེའི་འཐུས་པར་བྱས།

     བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ལ་བོད་རྒྱལ་གཉིས་པ་ཞེས་སྨོས་པ་ནི་ཡབ་རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་བོད་སྤྱི་ལ་དབང་བསྒྱུར་གྱི་རྒྱལ་པོ་ཐོག་མར་ངོས་འཛིན་ཞུས་པའི་དབང་དུ་བྱས་མུ་ཁྲི་བཙན་པོ་ལ་བོད་རྒྱལ་གཉིས་པ་ཞེས་ཐོགས་པ་ཡིན། མུ་ཁྲི་ནི་ཡབ་རྒྱལ་པོ་གཉའ་ཁྲི་དགུང་ལོ་རེ་གཉིས་འབྱུང་ལྡན་ནམ་(༢༥༠)མེ་སྟག་ལོར་ཡུམ་གནམ་སྨན་མུག་མུག་གཉིས་ཀྱི་སྲས་སུ་འཁྲུངས། དེ་ཡང་ཡུམ་གྱི་མཚན་མི་འདྲ་བ་གནམ་སྨན་(ཆུ་ཟ)མུག་མུག་མའི་སྲས་སུ་འཁྲུངས་ཚུལ་ཞིག་དང་། དམུ་ལྕམ་བྲ་མའི་སྲས་སུ་འཁྲུངས་ཚུལ་སྣང་ཡང་དེ་དག་ནི་གང་ཟག་གཅིག་ཡིན་པར་སེམས་ཀྱང་དཔྱད། མི་ཁྲི་བཙན་པོ་ཞེས་པའི་རྒྱལ་པོའི་མཚན་འདི་ཇི་ལྟར་གྲུབ་པའི་ཚུལ་ནི། སྤྱིར་ན་བོད་དུའང་སྔར་ནས་རང་རང་གི་ཡབ་ཡུམ་གྱི་མཚན་ཟུར་རེ་དང་ཡང་ན་རུས་མིང་རེ། མཚན་གྱི་མགོ་འཇུག་གང་རུང་དུ་འདོགས་སྲོལ་ཡོད་པ་བཞིན་དུ་ཡབ་ཡུམ་གྱི་མཚན་ཟུར་རེ་དྲངས་ཏེ་མུ་ཁྲི་བཙན་པོ་ཞེས་ཐོག་པ་ཡིན་སྙམ། སྐྱབས་སྟོན་ཁྲོ་འགྲེལ་དང་མཐུན་པར་ཡབ་རྒྱལ་པོ་གཉའ་ཁྲི་མཚན་གནས་ལས་ཁྲི་དང་། ཡུམ་མུ་ཆུ་ཟ་ཡི་མཚན་གནས་མུ་གཉིས་བྱུང་བའི་མུ་ཁྲི་དེ་ལའང་བོད་སྐད་དུ་བཙན་པོ་ཞེས་པ་འདི་སྦྱོར་བའི་མུ་ཁྲི་བཙན་པོ་ཞེས་སུ་བསྒྲུབས་པའོ། ཞེས་གསལ། མུ་དང་ཁྲི་ནི་ཞང་ཞུང་སྐད་དེ་མུ་ནི་ནམ་མཁའ་དང་ཁྲི་ནི་རྒྱལ་པོ་ལ་གོ་བ་ཡིན་ལ་ནམ་མཁའི་རྒྱལ་པོ་ཞེས་ཀྱང་འགྲེལ་དུ་རུང་ངོ་།  དེའི་དུས་སུའང་འདྲེན་པའི་དཔོན་གསས་ནི་ནམ་མཁའ་སྣང་བ་འདོགས་ཅན་ཡིན། དཔོན་གསས་དེའི་འདུན་ནས་མུ་ཁྲི་བཙན་པོས་སྤྱི་སྤུངས་སྐོར་གསན་བསམ་ཉམས་ལེན་མཐར་ཕྱིན་པར་མཛད་ནས། བོན་གསང་བ་སྔགས་རྫོགས་ཀྱི་བསྟན་པ་གངས་རིའི་ལྗོངས་སུ་རྒྱ་ཆེན་དར་སྤེལ་གནང་། གསུང་སྔགས་གྱི་བོན་ལ་ཉམས་ལེན་ཕུལ་དུ་ཕྱིན་དེ་ནམ་མཁའ་ལ་རྫུ་འཕྲུལ་གྱི་སྨན་མོ་བཞི་ཁྲི་རེས་བསྐོར་ནས་བྱོན་པ་སོགས་གྲུབ་རྟགས་ངོ་མཚར་བ་དུ་མ་བསྟན།ཚུལ་སོགས་ལོས་རྒྱུས་དག་ལས་གསལ། སྐུ་གཤེན་ནི་སྤྱི་ལོའི་ཡར་སྔོན་འདས་ལོ་(༡༠༧༤)གཅོའུ་ལན་ཚས་མཛད། གསས་མཁར་ནི་ཁོ་མ་ནེའུ་ཆུང་བཞེངས་བར་གྲགས་ལ། མུ་ཁྲིས་ཞང་ཞུང་ཡུལ་ནས་བོད་དུ་མཁས་པ་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས་བོད་ཡུལ་དུ་གསང་བ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་བཙུགས་ཏེ་ལྷག་པར་དུ་སྔགས་ཕྱི་ནང་གི་བསྟན་པ་དར་རྒྱས་བྱུང་། །    

   བོད་རྒྱལ་གསུམ་པ་ཏིང་ཁྲི་བཙན་པོ་ནི་ཡབ་མི་ཁྲི་བཙན་པོ་དགུང་ལོ་བརྒྱ་དང་བརྒྱད་འབྱུང་ལྡན་(252) སྤྱི་ལོ་(967)ཡར་སྔོན་དུ་ཆུ་གླང་ལོར་ཡུམ་ས་སླན་ཏིང་ཏིང་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་།  མཚན་ནི་ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་སྨན་ཏིང་ཏིང་གཉིས་ཀྱི་མཚན་ཟུར་ཏིང་ཁྲི་གཉིས་ཟུར་དུ་དྲངས། བོད་སྐད་དུ་བཙན་པོ་སྦྱོར་བའི་མཐར་ཏིང་ཁྲི་བཙན་པོ་ཞེས་སུ་གྲགས། འདིའི་མཚན་ཟུར་དུ་དིང་དང་ཏིང་འབྲི་ཚུལ་གཉིས་སུ་སྣང་ཡང་ཁོ་བོས་ཁྲོ་འགྲེལ་དང་མཐུན་པར་བཀོད་པ་ཡིན་ལ། ཏིང་ནི་ཞང་ཞུང་སྐད་ཡིན་ཡང་དམིགས་ཀྱི་བཀུར་ནས་ཆུ་ཡི་རྒྱལ་པོ་ཞེས་དགོས་དམིགས་སུ་དགོངས་ནས་ཏིང་ཁྲི་བཙན་པོ་ཞེས་གསོལ་པ་མིན་ཡང་དེ་ནི་གོང་དུ་བཤད་པ་ཇི་བཞིན་ཡབ་དང་ཡུམ་གྱི་མཚན་ཟུར་རེ་དང་བཙན་པོ་ཞེས་པའི་ཐ་སྙད་མཉམ་དུ་སྦྱོར་བ་ལ་ཆུ་ཡི་རྒྱལ་པོ་ཞེས་འགྲེལ་ནའང་འགྲེལ་སྟབས་བདེ་ཅིག་ཏུ་གྲུབ་ཡོད།  གསས་ཁང་ནི་ཁོ་མ་ཡང་རྩེ་བཞེངས། སྐུ་གཤེན་གཅོའུ་སྨིན་དཀར་གྱིས་མཛད་པ་ཡིན། །

  བོད་རྒྱལ་བཞི་པ་སོ་ཁྲི་བཙན་པོ་ནི་ཡབ་ཏིང་ཁྲི་བཙན་པོ་དང་ཡུམ་སོ་གཟའ་སྨན་(ཐམ་ཐམ་)གཉིས་ཀྱི་སྲས་སུ་འཁྲུངས། བོད་རྒྱལ་བཞི་པའི་མཚན་ཐོགས་ཚུལ་ནི་རྒྱལ་པོ་གོང་མ་རྣམས་དང་གཅིག་མཚུངས་སུ་ཡབ་ཏིང་ཁྲི་བཙན་པོའི་མཚན་ཟུར་ནས་ཁྲི་དང་ཡུམ་སོ་གཟའ་སྨན་གྱི་མཚན་ཟུར་ནས་སོ་གཉིས་དྲངས་ཏེ་སོ་ཁྲི་བཙན་པོ་ཞེས་ཐོགས་པ་ཡིན། སྐུ་གཤེན་གཅོའུ་འོད་དཀར་གྱིས་མཛད་ལ། གསས་ཁང་ནི་དགུ་ར་དགུ་ཁྱུད་བཞེངས་བར་གྲགས། 

         བོད་རྒྱལ་ལྔ་པ་དར་ཁྲི་བཙན་པོ་ནི་ཡབ་སོ་ཁྲི་བཙན་པོ་དང་ཡུམ་དར་བཟའ་ཞང་ཞུང་མའི་སྲས་སུ་འཁྲུངས། མཚན་གནས་ཐོགས་ཚུལ་ནི་ཡབ་ཀྱི་མཚན་ཁྲི་དང་ཡུམ་གྱི་མཚན་དར་དྲངས་ཏེ་བཙན་པོ་བསྡོམས་ཏེ་དར་ཁྲི་བཙན་པོ་ཞེས་ཐོགས་པ་གོང་དང་མཚུངས་ལ། གཞན་ཡང་མེར་ཁྲི་བཙན་པོ་ཡང་བཤད་སྣང་ཞིག་འདུག  དར་ཁྲི་བཙན་པོའི་སྐུ་གཤེན་ནི་མཚེ་མི་ཟུང་སྨན་མཛད་ལ་གསས་ཁང་ཟོ་བོ་ཁྱུང་ལག་བཞེངས། །

   བོད་རྒྱལ་དྲུག་པ་དྭགས་ཁྲི་བཙན་པོ་ནི་ཡབ་དེར་ཁྲི་བཙན་པོ་དང་ཡུམ་དྭངས་ལྷ་དཀར་མོའི་སྲས་སུ་འཁྲུངས། ཡང་ཅིག་བཤད་ན་བདགས་ཁྲི་བཙན་པོ་ཡང་ཟེར། སྐུ་གཤེན་དག་པ་མི་ཆེན་གྱིས་མཛད་ལ་གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས། མཚན་ཐོགས་ཚུལ་ནི་གོང་དུ་བཤད་པ་བཞིན་ཡབ་ཡུམ་གྱི་མཚན་ཟུར་རེ་དང་བཙན་པོ་ལྷན་དུ་སྦྱོར་བ་ལས་གྲུབ་པ་ཞིག་ཡིན། །

   བོད་རྒྱལ་བདུན་པ་སྲིབ་ཁྲི་བཙན་པོ་ནི་ཡབ་དྭགས་ཁྲི་བཙན་པོ་དང་ཡུམ་སྲིབ་ཀྱི་ལྷ་མོ་དཀར་མོའི་སྲས་སུ་འཁྲུངས། སྐུ་གཤེན་ནི་གཅོའུ་ཞལ་དཀར་གྱིས་མཛད་ལ་གསས་ཁང་ཁོ་མ་རུ་རིང་བཞེངས་ཞེས་རང་རེའི་ལོ་རྒྱུས་དག་ལས་གསལ།

       བོད་ཀྱི་རྗེ་བོ་འདི་དག་ལ་གནམ་གྱི་ཁྲི་བདུན་ཞེས་ཟེར་དེ་ལྟར་ཐོགས་པའི་རྒྱུ་མཚན་ནི་འགྲོ་ལ་བྱམས་ཞིང་གཡུང་དྲུང་བོན་ཟབ་མོ་ལ་དད་པ་དང་དམ་ཚིགས་ཟབ་ཅིང་། བོན་གསང་བ་སྔགས་རྫོགས་ལ་ཉམས་ལེན་གནད་ཁེལ་བྱས་ཏེ་མཐར་འཇའ་འོད་དུ་ཐིམ་པའི་ན་དེ་ལྟར་བཤད་པ་ཡིན། ཡང་ཅིག་བཤད་ན་དམུ་སྐས་ལ་འཛེགས་པའི་ཚུལ་དང་སྤྱི་བོ་གཙུག་གི་འོད་ཀྱི་དམུ་ཐག་ལ་ཐིམ་པ་ལས་སོགས་བཞེད་ཀྱང་དོན་དུ་ཕུང་པོ་ལྷག་མེད་འཇའ་ལུས་ཀྱི་སྐུ་རུ་གྲོལ་ཏེ་འཇའ་སྐུ་དེ་ནམ་འཁར་ཐིམ་པའི་ཕྱིར་གནམ་གྱི་ཁྲི་བདུན་ཞེས་ཐོགས་པ་ཡིན། །

 

                                    དཔྱད་གཞིའི་ཕྱག་དཔེ་ཁག་ཅིག

ཁྲོ་འགྲེལ། བསྒྲགས་བྱུང་དང་ཉི་སྒྲོན།  ཡང་རྩེའི་འགྲེལ།  སྒ་སྟོན་གྱི་ཐེག་འགྲེལ། ལེགས་བཤད་མཛོད། དར་རྒྱས་གསལ་སྒྲོན།  ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད། སྔ་འགྱུར་རྙིང་མའི་ཆོས་འབྱུང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། བྱམས་མ་རིགས་ཀྱི་འཇིག་སྐྱབས། ཞ་ལུ་པའི་ཆོས་འབྱུང་། དྲུང་མུའི་ཞབས་རྗེས།  ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་། བོན་སྒོ་འདོན་ཐེངས་བཅུ་དྲུག་པ། བོད་ཀྱི་གདུང་རུས་ཞིབ་འཇུག བོད་ཀྱི་གྲུབ་མཐའི་རྣམ་བཤད།


 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/28 10:09:48 | By: སྐུ་མགྲོན་GLcn1R(སྐུ་མགྲོན) ]
 
སྐུ་མགྲོན་GLcn1R(སྐུ་མགྲོན)༧ཡང་རྒན་ལགས་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དེ་སྔོན་གུས་པས་མཇལ་བའི་སྐྱབས་སྟོན་ཁྲོ་འགྲེལ་ཞེས་པ་དབང་ཆེན་ཁྲོ་བོ་གཞུང་གི་འགྲེལ་པ་དེ་རུ་སྐབས་ཕྲིན་གྱི་ས་བཅད་ཅིག་ལས་འགྲེལ་པ་མ་བྱུང་། དེར་ས་བཅད་ཡོད་པ་ལྟར་ན་ཁོང་གིས་མཛད་པའི་སྐབས་ཕྲིན་གྱི་འགྲེལ་ཞིག་ཀྱང་ཨེ་ཡོད་སྙམ། ས་བཅད་དེར་རྩ་བའི་ཚིག་ཟིན་སོ་སོ་ཡོད་ན་དོན་ཆེན་ཡིན་མོད། ཡོད་ཀྱང་༼གཡུང་དྲུང་བོན་གྱི་དཔེ་ཚོགས་༽ཞེས་པའི་དེབ་གཟུགས་གྲས་ཀྱི་དཔེ་རུ་བཀོད་མི་འདུག ༼སོག་སྤྲུལ་བརྟེན་འགྱུར་༽གྲས་ཀྱི་དཔེ་རུ་ཡོད་མེད་མཇལ་ཁོམ་མ་བྱུང་། སྤྱིར་ན་སྐབས་ཕྲིན་ནང་གི་གསང་བ་འདུས་པའི་ཐུགས་རྗེའི་རྒྱུན་སྒྲུབ་ཅེས་པའི་སྐོར་ཞིག་བཞུགས་པ་བྲུ་ལུགས་སྐབས་རྒྱུན་ལྡན་གསུང་སྲོལ་མི་འདུག་རུང་། སྒྲུབ་ཆེན་སོགས་ཀྱི་སྐབས་འདོན་སྲོལ་ཨེ་ཡོད། འདིར་ཕྱོགས་ཁྲོ་བོ་ཞུ་ལུགས་བྱེད་སྲོལ་ཡོད་པས་དེ་རྒྱུན་ལྡན་འདོན་སྲོལ་ཡོད། འོན་ཀྱང་དེའི་སྐོར་ས་བཅད་མང་ཞིག་དོན་ཟབ་པ་མ་ཟད་འདོན་ཤེས་པ་ཙམ་ཡང་དཀའ་བར་སྣང་། གལ་སྲིད་སྐབས་ཕྲིན་གྱི་འགྲེལ་པ་ཡོད་ན་དེའི་སྐོར་གསལ་པོ་ཞིག་ཨེ་ཡོད་བསམ་པའི་རེ་བ་ཡོད། རྒན་ལགས་ནས་དེ་དག་སྐོར་ལ་རྒྱུས་མངའ་ཡོད་པའམ་འབྲེལ་ཡོད་ཁག་ལ་གཟིགས་ཞིབ་ཀྱིས་གསུང་རོགས་བྱུང་ན་ཅིས་ཀྱང་བཀའ་དྲིན་ཆེ། ཁྱུང་གསེར་ཞུས་ནས་གུས་པས་ཕུལ།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
ཁྱུང་གསེར་ཞུན་ལགས།
གུས་པ་སྐུ་ཉིད་གྱིས་དྲི་བ་ཁག་ལ་ལེན་གསལ་བོ་ཞིག་ཞུ་རྒྱུ་དབུལ་པས་དགོངས་སེལ་ཞུའོ།
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/27 20:05:33 | By: སྐུ་མགྲོན་rWMy5D(སྐུ་མགྲོན) ]
 
སྐུ་མགྲོན་rWMy5D(སྐུ་མགྲོན)༧ རྒན་ཚེ་དབང་རྒྱལ་མཚན་མཆོག་ནས་གསུང་ལན་བསྩལ་བར་གུས་འདུད་དང་བཅས། གུས་པས་དེའི་སྐོར་དྲི་དོན་སྐྱབས་སྟོན་ཁྲོ་འགྲེལ་ལས། ༼མོན་བོན་ཧ་ར་ཅི་པར་གྱི་སྒྲུབ་གནས་ངོས་འཛིན་སྐབས།༽ ལྷོ་རྒྱ་མོན་གསུམ་ལ་བལྟས་པའི་རི་ཟུར་གསུམ་ཡོད་པ་ལ་སྔོན་སྤུན་གསུམ་གྱི་ས་བགོས་བྱས་པས་དེང་སང་ཡང་རྒྱ་གྲོང་དང་མོན་གྲོང་ལ་སོགས་ཁྲིག་གེ་ཡོད་སྐད་དོ། ཞེས་སོགས་ནས། གནས་མིག་ཀྱང་རྩེ་མོ་ན་ཕུག་པ་ཡོད་ཟེར་བ་རྐོང་པོའི་ཡུལ་གྱི་ཟུར་ནའོ། ཞེས་གསལ་བ་ལྟར་ན་མོན་རི་ཟུར་གསུམ་དེ་ཀོང་ཡུལ་དང་ཉེ་བའི་རི་བོ་ཞིག་ཨེ་ཡིན་སྙམ་པས་ཡིན་ལ། དེའི་ལྷོ་ཞེས་པ་ལྷོ་པ་རིགས་དང་མོན་ཞེས་པ་མོན་པ་རིགས་རྒྱ་ཞེས་པ་རྒྱ་དཀར་ནག་གང་ཞིག་ངོས་འཛིན་དགོས་པ་སོགས་དཔྱད་རྒྱུ་འགའ་ཞིག་ཨེ་ཡོད་སྙམ། ཁྱུང་གསེར་ཞུན་ནས།
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/27 9:49:39 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)ཁྱུང་གསེར་ཞུན་ལགས།
གུས་པ་དངོས་སུ་གནས་དེར་འགྲོ་མྱོང་མེད། འོན་ཀྱང་གོང་དུ་བྲིས་པ་དག་དངོས་ཡོད་གོ་ཐོས་བྱུང་བ་ཞིག་ཡིན།
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/26 17:18:03 | By: སྐུ་མགྲོན་ptk7NB(སྐུ་མགྲོན) ]
 
སྐུ་མགྲོན་ptk7NB(སྐུ་མགྲོན)ཁྱུང་གསེར་ཞུན་ལགས།
སྒྲུབ་གནས་མོན་རི་ཟུར་གསུམ་ཟེར་བ་མ་རྒྱུད་ཀྱི་གནས་ཁྱད་པར་ཅན་དེ་ནི་བག་ལེབ་ཏེ་ཅིའུ་རོང་དང་པུ་ཏེ་ནས་ཐག་ཉེ་བ་ཡོད་རེད། ད་སྐབས་ནི་བལ་བོའི་མངའ་ཁོངས་སུ་གཏོགས་ཤིང་ལོ་ཁ་ཤེས་སྔོན་ན། དགེ་བཤེས་ཉི་མ་དབང་ལྡན་མཆོག་གིས་གནས་དེར་༼སྒྲུབ་གནས་མོན་རི་ཟུར་གསུམ་དགོན་༽ཟེར་བ་ཞིག་ཕྱག་བཏབ་པ་དང་འཛིན་སྐྱོང་གནང་། ད་སྐབས་ཁྲི་བརྟེན་ནོར་རྩེའི་དགེ་བཤེས་ཚུལ་ཁྲིམས་མཆོག་དགོན་དེའི་མཁན་པོར་བསྐོས་བཞག་གནང་ཡོད་རེད། 
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/15 18:56:51 | By: སྐུ་མགྲོན་02Vi84(སྐུ་མགྲོན) ]
 
སྐུ་མགྲོན་02Vi84(སྐུ་མགྲོན)གསུང་ལན་གནང་བར་ཐུགས་རྗེ་ཆེ། ད་དུང་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སྒྲུབ་གནས་མོན་རི་ཟུར་གསུམ་ཟེར་བ་དེ་འགའ་ཞིག་གིས་བལ་བོད་གཉིས་ཀྱི་མཚམས་སུ་ཡོད་ཚུལ་དང་། རེ་འགས་དེ་ལས་གཞན་ཞིག་ཏུ་ཡོད་པར་བཞེད་པ་འདྲ་བས་ཉིད་ནས་དེའི་སྐོར་ངོས་འཛིན་གང་ཞིག་གནང་གི་ཡོད། ཁྱུང་གསེར་ཞུན་ནས།
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/2/2 22:18:18 | By: གཡུ་བུན་དགོན།(སྐུ་མགྲོན) ]
 
གཡུ་བུན་དགོན།(སྐུ་མགྲོན)བྲག་མགོ་ཚེ་དབང་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡག་པོ་བྲིས་འདུག་ཡི་རང་ཡོད། མུ་མཐུད་རྒྱུན་སྐྱོང་གནོངས་རོགས། གཡུ་བུན་སྤྲུལ་སྐུ་ནས་སྤེལ།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
གཡུ་བུན་མཆོག་སྤྲུལ་ལགས་བཀྲ་ཤིས་བདེ་ལེགས།
འདིར་ཕེབས་གཟིགས་གནང་བར་དགའ་བསུ་ཞུ། གུས་པ་ཉིན་ཁ་ཤས་རིང་འདིར་ལྟ་བའི་ཁོམ་ལོང་མ་བྱུང་བས་དགོངས་འགལ་མེད་པར་ཞུའོ།
 
 
Re:གནམ་གྱི་ཁྲི་བདུན་སྐོར་གླེང་བ།
[ 2013/1/31 21:37:14 | By: སྐུ་མགྲོན་G30Ner(སྐུ་མགྲོན) ]
 
སྐུ་མགྲོན་G30Ner(སྐུ་མགྲོན)འདི་བཞིན་གྱི་ཟིན་ཐོ་གང་མང་སྤེལ་བར་ཡི་རངས་དང་ཆབས་ཅིག གོང་མ་ཆེ་དྲུག་གི་མུ་ཁྲི་བཙན་པོ་དང་བོད་རྒྱལ་མུ་ཁྲི་བཙན་པོ་གཉིས་ཐ་དད་ཡིན་པར་སྒ་སྟོན་གྱིས་བཞེད་པ་དང་དེ་བཞིན་སྒྲུབ་གནས་ཀོང་པོའི་ལྷ་རི་གྱང་ཐོ་དང་། ཨོ་རྒྱན་གྱི་ལྷ་རི་གྱང་ཐོ་གཉིས་སུ་ཡོད་ཚུལ་གསུང་སྣང་ལ་ཁྱེད་ནས་དེའི་ཐད་དགོངས་ཚུལ་དམིགས་བསལ་འདྲ་ཨེ་ཡོད་ལགས། ཁྱུང་གསེར་ཞུན་ནས།
གཤམ་དུ་བྲག་མགོ་ཚེ་དབང་། ལགས་ཀྱིས་ལན་སློག་པ་ནི་
ཁྱུང་གསེར་ཞུན་ལགས་ཕེབས་པར་དགའ་བསུ་ཡོད།
གོང་མ་ཆེ་དྲུག་གི་མུ་ཁྲི་བཙན་པོ་དང་། བོད་རྒྱལ་མི་ཁྲི་བཙན་པོ་གཉིས་དུས་ཀྱི་དབང་དུ་བྱས་ན་བྱོན་པའི་དུས་ཐ་དད་ཡིན་པ་སྒ་སྟོན་མཆོག་གིས་གསལ་བར་གསུངས་འདུག གུས་པས་ཀྱང་དེ་བཞིན་ཡིན་སྙམ་ལ་། ལྷ་རི་གྱང་ཐོ་ཡང་གཉིས་སུ་གསལ་བར་གསུངས་པ་ཇི་བཞིན་ཨོ་ཡུལ་དང་བོད་ཡུལ་ཡང་དེ་བཞིན་མི་འདྲ་བ་གཉིས་སུ་འཐད་པར་སུམ་ལ། གུས་པའི་བསམ་ཚུལ་ལ་ནམ་རྒྱུན་ཐུན་མིན་ཞིག་ནི་མཁས་མཆོག་སྒ་སྟོན་ཚུལ་རྒྱལ་ནི་གང་ཟག་གཞན་དང་མི་འདྲ་བའི་མཁྱེན་དཔྱོད་ཕུལ་བྱུང་ལྡན་པ་ཞིག་ཏུ་སེམས།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
ད་དུང་མཁས་མཆོག་ཁོང་གིས་ས་ལམ་ཐོད་རྒལ་བ་ཡོད་ཚུལ་ཡང་གསུངས་ཡོད་དེ་དག་ནི་བཞེད་དགོངས་ཁྱད་པར་བ་ཞིག་རེད་བསམ་གི་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.