བོད་རྒྱལ་གཉའ་ཁྲིའི་སྐོར་གླེང་བ།
བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནི་~རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་མཆོག་འཇིག་རྟེན་གྱི་ཁམས་སུ་འགྲོ་བ་འདྲེན་པའི་དེད་དཔོན་དུ་བྱོན་ནས་མི་ལོའི་(14881)མཚམས། ཤིང་བྱིའི་ལོ་ལ་བོད་སྤྱིའི་རྒྱལ་པོར་མཚན་གསོལ་ཞིང་། རྒྱལ་པོ་འདི་ནི་བན་བོན་གཉིས་ཀྱིའི་ལོ་རྒྱུས་དག་ལས་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ཐོག་མ་དེ་ཡིན་པར་ཡོངས་གྲགས་ལྟར་ངོས་འཛིན་གནང་མུས་ཡིན་ཡང་།
འདི་ནི་མང་བཀུར་གྱི་སྲས་རྒྱུད་འདོད་པ་1གཅིག་དང་། གསལ་རྒྱལ་གྱི་བུ་དང་། སྒྲ་ངན་གྱི་བུ།
ཤཱཀྱའི་རྒྱལ་རྒྱུད། དམག་བརྒྱ་༼རྒྱལ་༽ཀྱི་སྲས་སུ་འདོད་པ་2དང་། མི་ལས་འདས་པའི་ཡ་མཚན་ཅན་ཞིག་ཁ་བ་ཅན་གྱི་ལྷ་རི་རོལ་པོའི་ཁར་བྱུང་བར་འདོད་3པ་དང་། མི་ལུས་བསམ་ལེགས་ཀྱི་གདུང་རྒྱུད་ལས་ཆེད་པའི་རྒྱལ་པོ་སྐྱ་བསེང་གི་སྲས་སུ་ལྷས་བྱིན་གྱིས་བརླབས་པའི་སྲས་ཅིག་ཏུ་ངོས་འཛིན་གནང་ཡོད་པ་4ལ། རྒྱ་གར་གྱི་རྒྱལ་པོ་པད་ས་ལ་འཆར་བྱེད་ཀྱི་བར་འདོད་པ་5དང་། གཞན་ཡང་ཡུལ་སྤུ་བོའི་ཡུལ་གྱི་མི་ཞིག་ཡིན་པར་བཞེད་ཚུལ་ནི།
དེར་བོད་ཀྱི་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་ཞིག་གཅིག་(ཅིག)ཡིན་ཟེར་བས་6ཅེས་སོགས་བཤད་ཚུལ་མི་མཐུན་པ་ནི་མང་དུ་སྣང་། གང་ལྟར་མི་བུ་དཀྱུས་མ་ཞིག་མ་ཡིན་པར་སྐྱེས་སྟོབས་ཀྱི་ཡོན་ཏན་ལྡན་པའི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པ་ནི་རང་གིས་རིག་པའི་དཔྱད་ཀྱང་དངོས་ཡོད་དང་མཐུན་པ་ཞིག་ཡིན།
གལ་སྲིད་དེ་ལྟར་མ་ཡིན་ན་བོད་སྤྱི་ལ་དབང་བསྒྱུར་བྱེད་པའི་ནུས་པ་དེ་ཡང་ལྡན་མི་སྲིད། འདི་ནི་བོད་ན་སྔ་བའི་རྒྱལ་པོ་དེ་གཉའ་ཁྲི་བཙད་པོའོ་7ཞེས་བོད་དུ་ཆེས་སྔ་བའི་རྒྱལ་པོ་དེ་ཡིན་པར་བཤད་ཀྱང་དེ་ནི་མི་འཐད་པར་སེམས་ཏེ།
དེའི་གོང་ན་བོད་དུ་རྒྱལ་པོ་རིམ་པར་བྱོན་ཟིན་པ་ཡིན་པས་སོ། བོན་ལུགས་སུ་ཉི་སྒྲོན་དང་མཐུན་པར་སྲིད་པ་སངས་པོ་འབུམ་ཁྲིའི་སྤྲུལ་པ་ཡེ་རྗེ་སྨོན་པའི་གདུང་རབས་ཡབ་ལྷ་བདལ་དྲུག་གི་གདུང་བརྒྱུད་ཁྲི་བར་བདུན་ཚིགས་སམ་མང་བཀུར་གྱི་སྲས་བརྒྱུད་དུ་ངོས་འཛིན་ཞུ་བ་ནི་བསྒྲགས་བྱང་ལྟར་ཡིན།
མི་རྗེ་དེའི་གོང་དུ་འང་རྒྱལ་པོ་རིམ་པར་བྱུང་ཡོད་པར་སྣང་ཡང་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ཞིག་བྱུང་མེད།
རྒྱལ་པོར་༼གཉའ་ཁྲི་བཙན་པོའམ་བཙད་པོ་༽ཞེས་མཚན་འདི་ཇི་ལྟར་ཐོག་པའི་ཚུལ་ནི། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་མཚན་འདོགས་ཚུལ་ནི་ཡུལ་ལུགས་ཀྱི་གོམས་སྲོལ་ལྟར་ཡབ་ཡུམ་གྱི་མཚན་ཟུར་རེ་ལས་གྲུབ་པ་ཅིག་ཡིན་པ་ནི་ཐེ་མི་ཚོམ་ལ་དེ་ཡང་དཔེར་མཚོན་ཙམ་ཞུས་ན།
ཡབ་“མི་ཁྲི་བཙན་པོ་དང་ཡུམ་ས་སླན་ཏིང་ཏིང་མའི་སྲས་ལ་ཏིང་ཁྲི་བཙན་པོ།”ཞེས་ཡབ་ཡུམ་གྱི་མཚན་ཟུར་རེ་ཐོག་པ་མངོན་། ཤིང་ཁྲི་གཉའ་བར་འདེགས་པ་རྒྱུ་མཚན་དུ་བཟུང་ནས་གཉའ་ཁྲི་ཞེས་མཚན་ཐོག་པའི་ཚུལ་ནི་འོས་བབས་ཅིག་མིན་ཡང་།
ཤིང་ཁྲིར་གཉའ་བར་འདེགས་ཏེ་གདན་འདྲེན་བྱས་ཡོད་པའང་བདེན་པར་སེམས།
ཡང་ཀྱེ་ཡུམ་གཅིག་ཡར་གཤེགས་ན་ནི་ཡུམ་གྲོངས་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་བསྒལ་པའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས།
སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས། མཚན་ཡང་གཉའ་ཁྲི་བཙན་པོར་གཏགས་སོ་8ཞེས་བཤད་ཚུལ་དུ་མ་ཞིག་སྣང་། བྱོན་པའི་ཚུལ་ཡང་ལ་ལའི་བོན་པོ་རྣམས་ནས་རྨུ་ཐག་ལས་བྱོན་པས་ལྷ་ཡིན་ཟེར།
ལ་ལའི་བོན་གནམ་ལ་དགའ་བའི་བོན་གཏམ་ཡིན་ཟེར་བ་བཅས་སྣང་ཡང་། དོན་དུ་ཁྱེད་གང་ནས་འོང་བྱས་པས།
གནམ་དུ་མཛུབ་མོ་ཀེར་ཀེར་བྱེད་ཅིང་བགད་པས་ལྕེ་སྟེང་གཡུང་དྲུང་རིས་ཝལ་ཝལ་སྣང་། སུ་ཡིན་བྱས་པའི་བཙད་པོ་མི་ཡིན་9ཟེར། བོད་ཀྱི་མི་རྣམས་ཀྱིས་ཤིང་ཁྲིར་གཉའ་བར་བཏེག་ནས་གདན་དྲུངས་ཏེ།
འབྱུང་ལྔན་བུག་མཚོ་མིག་གི་(249)ལོར་བོད་ཀྱི་རྗེ་བོ་བསྐོས་ཏེ་མཚན་ནི་“བོད་རྒྱལ་གཉའ་ཁྲི་བཙན་པོ་”ཞེས་གསོལ་བའི་ལོས་རྒྱུས་ལྡན་ཞིང་།
བོད་བསོད་ནམས་ཅན་གྱི་མིའི་རྗེ་ལྷས་བསྐོས་པ་ཅིག་ཏུ་སེམས་ལ། བཙན་པོོའི་སྐུ་སྲུང་ནི་མཚེ་མི་དམུ་རྒྱལ་དང་གཅོའུ་ཕྱག་དཀར་དང་གཉིས་པོ་ཡིན།
འདྲེན་པའི་དཔོན་གསས་དང་ལོ་པཎ་ནི་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། གསས་མཁར་དང་ཕོ་བྲང་ནི་གཡུང་དྲུང་ལྷ་རྩེའི་གསས་མཁར་བཞེངས་ཤིང་ཕྱིང་བ་སྟག་རྩེའི་རྒྱལ་མཁར་བརྩིགས།
ཐུགས་དམ་གྱི་བོན་ནི་སྤྱི་སྤུངས་ཀྱི་བོན་སྐོར་དང་དབལ་རམ་བཅས་ཡིན་པར་གྲགས།
རྒྱལ་གཤེན་རྣམས་ཀྱིས་གཙོ་བོ་འབྲས་བུ་གསང་སྔགས་ཕྱི་ནང་དང་སེམས་ཕྱོགས་སྐོར་ཐུགས་དམ་ཉམས་ལེན་མཛད་ཅིང་།
འབངས་མི་སར་རུ་རྒྱུ་ཡི་བོན་བཞི་ནི་སྔར་སྟོན་པ་བྱོན་དུས་རུང་ནས་དར་ཡང་བོན་ཤེས་བ་ཅན་བཅུ་གཉིས་“མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་།
འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས།་སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད།
ལྷོ་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡོང་ཤེས་ས་བ། འཕུལ་ཤེས་ཇུ་ཐིག
འགྲོ་ཤེས་འཕྲུལ་བོན།” གདན་དྲུངས་ཏེ་རྒྱུ་ཡི་བོན་མོ་རྩིས་གཏོ་དཔྱད་བཟོ་ལས་སོགས་རིག་པའི་གནས་བཅས་གངས་རིའི་ཞིང་འདིར་འཕེལ་རྒྱས་དང་དར་ཁྱབ་ཆེན་པོ་བྱུང་བར་མ་ཚད་ཁྱད་པར་དུ་གཡུང་དུང་བོན་གྱི་བསྟན་པ་མདོ་སྔགས་རྫོགས་གསུམ་དང་བཅས་པ་དར་རྒྱས་བྱུང་།
དེའི་དུས་དང་བསྟུན་པའི་སྤྱི་ཚོགས་འདི་ན་རྒྱལ་ཁབ་གཞན་དང་འགྲན་པར་འོས་པའི་ཕུན་སུམ་ཚོགས་པའི་ཆབས་དཔལ་རིག་གསུམ་ཡོད་པར་བོན་ཕྱོགས་ནས་བཤད་པ་ཁོ་ན་ཙམ་མ་ཡིན་པར་ཕྱིས་སུ་བན་དྷེའི་མཁས་དབང་10ཚོའི་ཆོས་འབྱུང་སོགས་ནས་ཀྱང་བཞེད་བཀོད་གནང་ཡོད།
། ། །
1བསྒྲགས་བྱུང་དང་ཉི་སྒྲོན།
2ཆོས་འབྱུང་སོགས། 3སྔ་འགྱུར་རྙིང་མའི་ཆོས་འབྱུང་། 4ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དང་།
བྱམས་མ་རིགས་ཀྱི་འཇིག་སྐྱབས། 5ཞ་ལུ་པའི་ཆོས་འབྱུང་། 6ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་། 7བྱམས་མ། 8 ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་། 9 ལེགས་བཤད་མཛོད། 10བོད་ཀྱི་གྲུབ་མཐའི་རྣམ་བཤད།