ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཕྲིན་ལས་ཀྱི་ཕྱག་ཆ་རྐང་གླིང་  གི་རབ་བཤད། 
[ 2012/7/10 13:58:00 | By: བྲག་མགོ་ཚེ་དབང་། ]
 

འཕྲིན་ལས་ཀྱི་ཕྱག་ཆ་རྐང་གླིང་

གི་རབ་བཤད།

བསྭོ་སྔོན་ཚེ་ལྷ་གནས་གཡུ་ལུང་ཤེལ་བྲག་ཏུ།

འཆི་མེད་གཙུག་ཕུད་གསང་བ་འདུས་པ་ཡིས།

རུ་ཏྲ་ཕོ་མོ་བསྒྲལ་བའི་བརླ་རྐང་ནི།

རྐང་དུང་གླིང་བུ་དབང་བསྡུད་ཕྱག་ཆ་བཟོ།

སྐྱེ་འགྲོ་སེམས་ཅན་མ་ལུས་དབང་དུ་བསྡུས།

ལྷ་སྲིན་སྡེ་བརྒྱད་མ་ལུས་ཟིལ་གྱིས་གནོན།

ལྷ་མིན་རི་ནག་འཇོམས་པའི་གནས་མཆོག་ཏུ།

མུན་པ་ཀུན་གསལ་འོད་ཟེར་དཔག་མེད་ཀྱིས།

གནམ་བདུད་ཀླུ་བདུད་བསྒྲལ་བའི་བརླ་རྐང་ལ།་།

ལོག་རྟོག་དགྲ་བགེགས་འདུལ་བའི་རྐང་གླིང་བཟོ།

སྐལ་ལྡན་སེམས་ཅན་ཐམས་ཅད་ཐར་པར་དྲོངས།

ལོག་འདྲེན་དགྲ་བགེགས་མ་ལུས་ཤུགས་ཀྱིས་བསྒྲལ།

ཞང་ཞུང་དབལ་གྱི་བྲག་ཕུག་རོང་ཆེན་དུ།

དབལ་བོན་ཆེན་པོ་སྟག་ལ་མེ་འབར་གྱིས།

སྲིན་པོ་ཕོ་མོ་བསྒྲལ་བའི་བརླ་རྐང་ལ།

བསྟན་དགྲ་བདུད་དཔུང་བཤིག་པའི་བརླ་རྐང་བཟོ།

སངས་རྒྱས་བསྟན་པ་དེར་ཞིང་རྒྱས་པ་དང།

བསྟན་པའི་དགྲ་དཔུང་བཤིག་པའི་རྐང་གླིང་བཟོ།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང།

བསྟན་དགྲ་བདུད་རིགས་ཐམས་ཅད་ཟིལ་གྱིས་གནོན།།

འཛམ་གླིང་རིན་ཆེན་མཛེས་པའི་ཞིང་ཁམས་སུ།

སྟོང་རྒྱུང་མཐུ་ཆེན་དྲན་པ་ནམ་མཁའ་ཡིས།

བཅོ་ལྔ་རྟ་གྲི་ཕོའི་རྐང་གླིང་དང་།

བཅུ་དྲུག་ཐོག་གྲི་མོའི་རྐང་གླིང་བཟོ།

བསླབ་གསུམ་བསྟན་པ་དར་རྒྱས་ཡུན་གནས་ཕྱིར།

སྣང་སྲིད་ལྷ་འདྲེ་མ་ལུས་དབང་དུ་བསྡུས།

ཕ་དགྲ་བོན་གཤེད་དུན་ཙེ་ཟིལ་གྱིས་གནོན།

ཞིང་ཁམས་དུར་ཁྲོད་བརྒྱ་དང་རྩ་བརྒྱད་ནས།

གྲུབ་ཐོབ་ཆེན་པོ་ཚེ་དབང་རིག་འཛིན་གྱིས།

དཔའ་བོ་བཅོ་ལྔ་ལོན་པའི་རྐང་གླིང་དང།

བཅུ་དྲུག་ན་ཚོད་མཁའ་འགྲོའི་རྐང་གླིང་ལ།

གསེར་དངུལ་ཟངས་ལྕགས་གཡོག་ཞིང་རིན་ཆེན་བརྒྱན།

དར་ཚོན་སྣ་ལྔའི་ལྷབ་ལྷུབ་འཕྱང་འཕྲུལ་བརྒྱན།

མི་རྐང་རིན་ཆེན་རྐང་གླིང་ཁྱད་འཕགས་ཀུན།

མིག་གིས་མཐོང་ཚད་སངས་རྒྱས་ས་ལ་བཀོད།

རྣ་བའི་སྒྲ་སྐད་གོ་ཚད་དལ་འབྱོར་ཐོབ།

དད་ལྡན་ཀུན་གྱི་ནད་གདོན་བར་ཆོད་ཞི།

གསོལ་བ་འདེབས་ཚད་རིག་འཛིན་ས་ལ་བཀོད།

དེ་དག་དཔེ་བླང་རིག་འཛིན་ཀུན་གྱིས་བཟོ།

མི་རྐང་ཟས་དང་ར་ཡི་རྐང་གླིང་གི

འཇིག་རྟེན་ཁམས་འདི་ཀུན་ལ་དར་བར་གྱུར།

ལྷུན་གྲུབ་ཞི་བའི་རྐང་གླིང་འབུད་ཙམ་ན།

ཞི་བའི་ཕྲིན་ལས་མཁའ་ལྟར་འགྲོ་ལ་ཁྱབ།

མཐར་ཕྱིན་རྒྱས་པའི་རྐང་གླིང་འབུད་ཙམ་ན།

རྒྱས་པའི་འཕྲིན་ལས་འགྲོ་ཀུན་བདེ་ལ་བཀོད།

སྨིན་གྲོལ་དབང་གི་རྐང་གླིང་འབུད་ཙམ་ན།

དབང་གི་འཕྲིན་ལས་སྐྱེ་དགུའི་ཐར་ལམ་འདྲེན།

མངོན་སྤྱོད་དྲག་པོའི་རྐང་གླིང་འབུད་ཙམ་ན།

དྲག་པོའི་འཕྲིན་ལས་བསྟན་དགྲ་རྡུལ་དུ་རློགས།

རྐང་གླིང་སྒྲ་སྐད་དེ་ལྟར་སྒྲོགས་པ་ཡི།

རྒྱལ་བའི་བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས།

རིག་འཛིན་བྱིན་རླབས་ཐུགས་རྗེ་སྤྲིན་བཞིན་འབེབས།

མ་སྲིང་མཐུ་རྩལ་དངོས་གྲུབ་ཆར་ལྟར་འབེབས།

བོན་སྐྱོང་དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ཀུན།

དགྲ་ལ་འགྱོགས་པའི་རྟ་རྒྱུག་མ་ལུས་སྒྲོལ།

དབལ་མོ་ཕོ་ཉ་ལས་ངན་ཐམས་ཅད་ནི།

དམ་ཉམས་དགྲ་ལ་རྣོ་མཚོན་ཐོག་ལྟར་འབེབས།

སྣང་སྲིད་མ་ལུས་ཐམས་ཅད་ཀྱིས།

ཤ་ཟོ་ཁྲག་འཐུང་རུས་པ་རྡུང་ཞིང་ཟོ།

དགྲ་བགེགས་ཕུང་ཞིང་བརླག་པའི་ཕྲིན་ལས་མཛོད།

ཅེས་རྐང་རབ་ཉུང་བསྡུས་རྫོགས་སོ།

ཞེས་པ་འདི་ནི་གཤང་རྔ་ཨུན་སྦུབ་རྐང་གླིང་གི་རབ་བཤད་ཅེས་པ་ལས་དྲངས་པའོ། དགེའོ།

 
 
Re:འཕྲིན་ལས་ཀྱི་ཕྱག་ཆ་རྐང་གླིང་  གི་རབ་བཤད།
[ 2013/1/26 21:22:09 | By: སྐུ་མགྲོན་L52Sj8(སྐུ་མགྲོན) ]
 
སྐུ་མགྲོན་L52Sj8(སྐུ་མགྲོན)རྒན་ལགས་ནས་འདི་སོགས་གསང་སྔགས་ཕྱག་ཆའི་སྐོར་གྱི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ། ད་དུང་བྱུང་ན་ཕྱག་ཆ་དེ་དག་བསྟན་བྱེད་ཀྱི་ལུང་འདྲེན་དང་འབྲེལ་ཇི་ལྟར་བཟོ་ཚུལ་དང་འཆང་ཚུལ་སོགས་ཀྱི་རྣམ་བཤད་རྒྱས་པ་དཔེ་རིས་དང་བཅས་པ་ཞིག་ཡོད་ན་ཤིན་ཏུ་གལ་འགངས་ཆེ་བས་ཐུགས་ལ་འདོགས་པར་མཁྱེན་ཞུ། ཁྱུང་གསེར་ཞུན་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.