སྦུབ་ཆོལ་གྱི་བྱུང་ཁུང་རབ་བཤད།
༌
བསྭོ་སྔོན་རབ་བདུད་ཀྱི་དཔུང་ཚོགས་འཇོམས་པའི་ཕྱིར།།
རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ནི།།
ཡེ་གཤེན་གསེར་གྱི་སྤུ་གྲི་ངར་མ་ཡིས།།
གཤེན་ཟ་ནེ་ཆུང་བྲང་གི་ནུ་འབུར་གཉིས།།
བཅད་དེ་སྟག་བུ་གཟིག་བུ་གཉིས་ལ་སྤྲོད།།
ལོ་གསུམ་འོ་མ་ཟད་མེད་འབབས།།
འོ་ཟད་ནུ་འབུར་ཕྱག་ཏུ་ཕུལ།།
སངས་རྒྱས་བསྟན་གཙོའི་ཐུགས་རྗེ་བྱིན་རླབས་ཀྱིས།།
རིན་ཆེན་བཀྲ་ཤེས་ལི་མར་ལས་གྲུབ་པས།།
ཡོན་ཏན་ཕྱག་ཆ་སྦུབ་ཆོལ་ཆ་གཅིག་བྱུང།།
གཅིག་ཏུ་སྦྱོར་ན་བཅོ་ལྔའི་ཉ་ཆེན་འདྲ།།
བསྟན་པའི་རྩ་བ་འདུལ་ཁྲིམས་དར་བར་གྱུར།།
གཉིས་སྦྱོར་ཉི་ཟླ་པད་མའི་གདན་གྱི་ཚུལ།།
བསྟན་པའི་སྲོག་ཤིང་གསང་སྔགས་དར་བར་གྱུར།།
ནང་དུ་སྟོང་པ་བོན་ཉིད་དབྱིངས་ཟླུམ་ཚུལ།།
བསྟན་པའི་སྙིང་པོ་བསྒོམ་སྒྲུབ་དར་བར་གྱུར།།
སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི།།
བོན་གྱི་སྒྲ་དབྱངས་ཕྱོགས་ཀུན་ཁྱབ་པར་གྱུར།།
དེ་ནས་སྦུབ་ཆོལ་ཞེས་པ་ཀུན་ཁྱབ་སྒྲ་དབྱངས་མིང།།
ཕྱོད་ལམ་ཞེས་པ་བར་སྣང་སྒྲ་ཡི་མིང།།
ཡས་སྦུབ་གནམ་ལ་མ་སྦུབ་ས།།
གནམ་ས་ཕྱོད་ལམ་བརྡབ་པའི་ཡོན་ཏན་གྱི།།
ཕྱོ་ནི་བར་ཆོད་དགྲ་བགགས་བསྒྲལ་བའི་ཕྱོ།།
ལམ་ནི་ཕྱྭ་ཚེ་ལོངས་སྤྱོད་འཕེལ་བའི་ལམ།།
ཕྱོ་ནི་ཉོན་མོངས་བརྒྱད་ཁྲི་དག་པའི་ཕྱོ།།
ལམ་ནི་ཡེ་ཤེས་བརྒྱད་ཁྲི་རྒྱས་པའི་ལམ།།
ཕྱོ་ནི་ཁམས་གསུམ་ས་དགུ་དོང་སྤྲུགས་ཕྱོ།།
ལམ་ནི་ཐེག་པ་རིམ་དགུ་བསྒྲོད་པའི་ལམ།།
ཕྱོ་ནི་ཉོན་མོངས་དུག་ལྔ་བཅོམ་པའི་ཕྱོ།།
ལམ་ནི་སྒོ་བཞི་མཛོད་ལྔ་འཕེལ་བའི་ལམ།།
ཕྱོ་ནི་བདུད་ལྔ་ཆམ་ལ་ཕབ་པའི་ཕྱོ།།
ལམ་ནི་ཡེ་ཤེས་སྐུ་ལྔ་རྒྱས་པའི་ལམ།།
ཕྱོ་ནི་དུག་གསུམ་རྩད་ནས་ཆོད་པའི་ཕྱོ།།
ལམ་ནི་སྡེ་སྣོད་གསུམ་པོ་དར་པའི་ལམ།།
ཕྱོ་ནི་སྲིད་གསུམ་འཁོར་བ་དོང་སྤྲུགས་ཕྱོ།།
ལམ་ནི་སྐུ་གསུམ་འབྲས་བུ་ཐོབ་པའི་ལམ།།
ཕྱོ་ནི་མི་དགེ་སྡིག་པ་སྤངས་བའི་ཕྱོ།།
ལམ་ནི་དགེ་བཅུ་ས་ལམ་བསྒྲོད་པའི་ལམ།།
ཕྱོ་ནི་མ་རིག་མིན་པ་སེལ་བའི་ཕྱོ།།
ལམ་ནི་རིག་པ་ཡེ་ཤེས་ཤར་བའི་ལམ།།
དེ་ལྟར་ཕྱོ་ལམ་སྒྲ་དབྱངས་སྒྲོགས་པ་འདིས།།
རྒྱལ་བ་གཉེས་ཤིང་དམ་ཅན་ཐུགས་དམ་བསྐང།།
ལྷ་སྲིན་ཞི་ཞིང་རིགས་དྲུག་སྦྱིན་པ་ཚིམས།།
བསྟན་དགྲ་བར་ཆོད་མིང་ཡང་མི་འབྱུང་ཞིང།།
སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།།
ཅེས་སྦུབ་རབ་ཉུང་བསྡུས་བཤད་པ་རྫོགས་སོ། གཤང་རྔ་ཨུན་སྦུབ་རྐང་གླིང་རྣམས་ཀྱི་བྱུང་ཁུང་རབ་བཤད་ཅེས་པ་ལས་དྲངས།། དགེའོ།།