ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཀྲ་ཤིས་དུང་གི་བྱུང་ཁུང་རབ་བཤད་ནི།
[ 2012/7/1 18:01:00 | By: བྲག་མགོ་ཚེ་དབང་། ]
 

ཐུགས་ཀྱི་ཕྱག་ཆ་བཀྲ་ཤིས་དུང་གི་བྱུང་

ཁུང་རབ་བཤད་ནི།

བསྭོ་བསྐལ་པ་སྔོན་རབ་ཀོང་ཙེ་འཕྲུལ་རྒྱལ་གྱིས།།

དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་བཞེངས།།

བདུད་ཀྱི་བར་ཆོད་རྒྱ་མཚོའི་གཏིང་རུམ་ནས།།

ཆུ་སྲིན་བསླང་སྟེ་གསས་ཁང་བཤིག་སེམས་ཙམ།།

གཤེན་རབ་རྣམ་རྒྱལ་རང་གི་ཐུགས་ཕྱུང་ནས།།

རྒྱ་མཚོའི་ནང་བླུགས་ཆུ་སྲིན་འདུལ་བའི་ཕྱིར།།

དུང་དཀར་གཡས་འཁྱིལ་གཡོན་འཁྱིལ་གཉིས་བྱུང་བས།།

ཆུ་སྲིན་རྒྱལ་བ་མྱུར་དུ་བསྒྲལ་བ་ཡིས།།

ཐུགས་ཀྱི་ཕྱག་ཆ་དུང་གི་བསྟན་པ་དར།།

དེ་ཡི་རྒྱུད་ལས་དུང་དཀར་གྲངས་མེད་བྱུང་།།

སྟོང་གསུམ་འཇིག་རྟེན་དུང་གིས་ཁྱབ་པར་འགྱུར།།

 

བཀྲ་ཤིས་དུང་གི་ཆགས་ཚུལ་བསྟན་པ་ནི།།

སངས་རྒྱས་ཐུགས་ལས་བྱོན་པའི་སྙིང་གི་དབྱིབས།།

ཡི་དམ་ཞི་ཁྲོ་རིག་འཛིན་མཁའ་འགྲོ་ཡིས།།

ཐུགས་ཀྱི་ཆགས་ཚད་གསང་གསུམ་བསྟན་པ་དར།།

མུ་ཁྱུད་འབུར་ཟླུམ་ནོར་བུ་གྱེན་འཁྱིལ་བ།།

ནོར་བུའི་ཆགས་ཚུལ་སྤང་ལམ་བསྟན་པ་འཕེལ།།

འབུར་བཞི་ནང་དུ་གྱེན་ལ་འཁྱིལ་བ་ནི།།

འཕྲིན་ལས་རྣམ་བཞི་ཁ་ལོ་གྱེན་དུ་བསྒྱུར།།

ལམ་ལྔའི་ནང་ནས་གྱེན་རྒྱུག་རྩེ་ཅིག་གྱུར།།

ས་ལམ་རིམ་བསྒྲོད་བོན་སྐུ་ཐོབ་པའི་ཚུལ།།

དབལ་མཇུག་དབལ་སོ་རྣོ་ངར་ཕུར་པའི་དབྱིབས།།

བར་ཆོད་དགྲ་བགགས་མ་ལུས་བསྒྲལ་བའི་ཚུལ།།

མཚན་བཟང་ཁུང་གསལ་ཤེལ་དཀར་མུ་སྟེགས་མདངས།།

ཡང་གསང་ལྟ་དགོངས་འོད་གསལ་རྒྱུན་མེད་ཚུལ།།

བཀྲ་ཤིས་དུང་དཀར་སྒྲ་དབྱངས་སྒྲོགས་པ་ཡིས།།

ཡེ་ཤེས་ལྷ་ཚོགས་ཐུགས་ཀྱི་བྱིན་རླབས་ལྡན།།

རྫུ་འཕྲུལ་ལྷ་ཚོགས་མཐུ་རྩལ་སྟོབས་དང་ལྡན།།

ལས་ཅན་ཕོ་ཉ་དམ་ཉམས་དགྲ་ལ་ཆོས།།

འཇིག་རྟེན་ལྷ་ཚོགས་གཤེན་ལ་སྡོང་གྲོགས་མཛོད།།

འཁྲུལ་མེད་ཐུགས་ཀྱིས་འགྲོ་བ་འདྲེན་པ་དང།།

བསྙན་གྲགས་བསྟན་པ་ནམ་མཁའི་མཐའ་མཉམ་ཞིང།།

བོན་བསྟན་སྟོང་གསུམ་ཕྱོགས་བཅུར་ཡོངས་རྒྱས་འགྱུར།།

དུང་རབ་ཉུང་བསྡུས་རྫོགས་སོ།།   དགེའོ།།   ཞེས་པ་འདི་ནི་གཤང་རྔ་ཨུན་སྦུབ་རྐང་གླིང་རྣམས་ཀྱི་བྱུང་ཁུང་རབ་བཤད་ཅེས་བྱ་བ་ལས་དྲངས་པའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.