དེ་སྐབས་རང་དགོན་གྱི་བླ་མ་རྣམ་རྒྱལ་གྲགས་པ་མཆོག་དང་། དགེ་བཤེས་ཤེས་རབ་ཐབས་མཁས། དགེ་བཤེས་ཤེས་རབ་སྦྱིན་པ། དེ་བཞིན་འགན་འཛིན་རྣམས་ནས་ཆེད་དུ་རང་དགོན་བཙའ་སྐྱོང་གི་གཙོ་འགན་ཁུར་དགོས་པའི་བཀའ་ཕེབས་ལྟར་དང་དུ་བླངས། སོས་ཀར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྟོན་འཁོར་དང་བཅས་བསྟན་འགྲོ་སྤྱི་ཡི་བསོད་སྐལ་དུ་གངས་ལྗོངས་སུ་ཞབས་སོར་འཁོད་སྐབས་ལྷ་ལྡན་གྲོང་དུ་མཇལ་བཅར་ཞུས། བསླབ་གདམས་སྤྱི་དང་ཁྱད་པར་གཞུང་གི་དཀའ་གནད་འགའ་ཞིག་གི་དྭོགས་སེལ་ཞུ་བའི་སྐལ་བཟང་ཡང་ཐོབ། བསྟན་སྲིད་སྤྱི་དང་ལྷག་པར་བླ་མ་དགེ་བཤེས་གཞན་དང་ཕྱར་གྲུ་མཉམ་འདེགས་ཀྱིས་རང་དགོན་གྱི་བསྟན་པ་འཛིན་སྐྱོང་བྱ་རྒྱུ་ནི་ཡུལ་དུས་ལ་ལྟོས་ཏེ་གལ་འགངས་ཤིན་ཏུ་ཆེ་འདུག་གཤིས་དེ་བཞིན་དགོས་པའི་སློབ་སྟོན་སྤྱིར་བསྩལ་ཕེབས་ཚོགས་ལྟར་ཁས་ལེན་ཞུས། དེ་བཞིན་རྗེ་ཡོངས་འཛིན་རིན་པོ་ཆེ་དབུས་པའི་མཁན་བསྟན་པ་གཡུང་དྲུང་སོགས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་གྲྭ་དུ་མ་དང་མཉམ་དུ་སྔོན་གཙུག་རྗེ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུའི་༼རྨེའུ་༽གདན་ས་ནས་བསྟན་པ་ཕྱི་དར་སྐབས་ཞང་དམ་པ་ཚུལ་ཤེས་སོགས་ཀྱི་གདན་ས་བྱིན་ཆེན་ལྷ་སའི་ནུབ་ངོས་སུ་ཡོད་པའི་སྟོད་ལུང་འབྲི་ལུང་དགོན་དང་། དགོངས་མཛོད་རི་ཁྲོད་པ་ཆེན་པོས་རྣམ་དག་སྲས་ཡུམ་ཞལ་གཟིགས་བྱུང་བའི་ས་གནས་སྟོད་ལུང་སྐྱོར་མོ་ལུང་གཉིས་སུ་གནས་མཇལ་དང་། བསང་གསོལ་གསོལ་འདེབས་སོགས་ཀྱི་བྱ་བར་ཞུགས་པའི་སྐལ་བཟང་ཡང་ཐོབ། འབྲི་ལུང་དགོན་འདིར་ད་ལྟ་དགོན་གྱི་སྒེར་སྲུང་སྲིད་པ་རྒྱལ་མོ་གསོལ་སའི་མགོན་ཁང་ཆུང་ངུ་ཞིག་ལས་མི་འདུག་ཅིང་། སྔོན་སོག་པོས་གཏོར་བ་རེད་ཟེར་སྲོལ་སྣང་། གང་ལྟར་གདན་སའི་གནའ་ཤུལ་ཤིན་ཏུ་རྒྱ་ཆེ་བར་མ་ཟད། ཁང་པའི་རྩིག་པ་དང་། ལྷག་པར་ཤག་བར་གྱི་རྡོ་གཅལ། རྡོ་སྐས། རང་བྱུང་གི་རྡོ་གཞོང་འགའ་བཞུགས་པ་དེ་དག་ནི་ཆེས་རྙིང་པ་ཞུ་ཉམས་ཅན། གཞན་བཀའ་རྟགས་ཞབས་རྗེས་ངོ་མཚར་བ་དུ་མ་དང་། ཉེ་སྐོར་གྱི་སྡེ་རྣམས་ད་སྐབས་ཕལ་ཆེར་བན་དེར་འགྱུར་ཟིན་ཀྱང་ཁོ་ཚོས་ལོ་ལྟར་སྲུང་མ་སྲིད་རྒྱལ་མཆོད་གསོལ་མ་བྱས་ན་སྲུང་མའི་འཁུ་ལྡོག་འབྱུང་བ་སོགས་ཡ་མཚན་པའི་ལོ་རྒྱུས་དུ་མ་བཤད་རྒྱུ་ཡོད་པར་ཐོས་སོ།།
༧ རང་གཞན་གྲུབ་མཐའི་དགོན་སྡེ་མཐའ་ཡས་ཀྱང་།།
ལོ་རྒྱུས་ཕུགས་རིང་གནའ་ཤུལ་བཀའ་རྟགས་གསལ།།
ཐ་ཚིག་དམ་གནས་སྲུང་མའི་སྡོང་གྲོགས་མྱུར།།
འབྲི་ལུང་དགོན་གྱི་གསང་བ་བསམ་མི་ཁྱབ།།
ཅེས་ཀྱང་ཉམས་དགའི་ཚིགས་སུ་བཅད་པའོ།།
ལོ་དེའི་དབྱར་ཁར་བླ་མ་རྣམ་རྒྱལ་གྲགས་པ་རིན་པོ་ཆེ་མཆོག་དང་། དགེ་བཤེས་ཤེས་རབ་ཐབས་མཁས་རིན་པོ་ཆེ། རྒན་ཚུལ་ཁྲིམས་རྣམ་དག རྒན་བསྟན་པ་དར་རྒྱས་སོགས་དང་མཉམ་དུ་དགོན་ཞབས་ལྷ་སྡེ་ཡོངས་ལ་རྟེན་རྩའི་ཞལ་འདེབས་ཞུས་ཏེ་ཐོག་མར་གྲྭ་ཤག་ཐོག་བརྩེགས་གཉིས་ལྡན་ཅན་ལ་ཁང་མིག་བཅོ་བརྒྱད་ཡོད་པ་ཞིག་ཨར་པོའི་འགན་འཛིན་དབང་ལགས་ཞེས་པ་གཙང་ས་སྐྱ་ནས་ཡིན་པ་ཞིག་གླས་ཏེ་བསྐྲུན། སྟོན་ཁར་སྨན་རིའི་དགེ་སློང་ཚུལ་ཁྲིམས་འོད་ཟེར་མཆོག་ནས་སྨན་རིར་འདུག་དགོས་པའི་བཀའ་ཕེབས་བྱུང་ཡང་གནས་སྐབས་རང་དགོན་འཛུགས་སྐྲུན་སོགས་ཀྱིས་རྐྱེན་པས་དེ་ལྟར་མ་བྱུང་། དགུན་སྟོད་ནང་གི་གཅེན་པོའི་བཟའ་ཟླ་གྲོངས་པས་དེའི་དགེ་རྫོངས་སུ་ཀུན་རིག་སྦྱིན་སྲེག་སོགས་བསྒྲུབས། དེ་མཚམས་ཟམ་ཞིག་རེ་ནེ་དགོན་གྱི་བླ་གྲྭ་སྤྱི་ཡི་བཀའ་དགོངས་ལྟར་ཟླ་བ་གསུམ་ཙམ་དུ་དེ་གའི་སྒྲུབ་གྲྭ་བ་རྣམས་ལ་སྡེ་སྣོད་མཛོད་སྐོར་དང་། བརྡ་སྤྲོད་སྲིད་པའི་སྒྲོན་མེ་ཚར་གཅིག་ཁྲིད། དེ་དང་ཆབས་ཅིག་ཕྱི་ལོར་རང་དགོན་གྱི་རྩ་བའི་ཚོགས་ཁང་ཉམས་བཟོ་བྱ་འཆར་ལྟར་དེའི་ལས་མི་འགན་འཛིན་རིན་སྤུངས་བ་ཉི་མ་ལགས་དང་ཁ་ཆད་བྱས། དེ་ཡང་ཁང་པའི་བཟོ་དབྱིབས་བྱུང་ན་ཐུན་མིན་རང་གཞུང་མདོ་དྲི་མེད་སོགས་ཀྱི་དགོངས་དོན་ལྟར་དགོས་འདུག་ཀྱང་དེ་ནི་བཤད་རྒྱུན་ཙམ་ལས་དངོས་སུ་ཐོན་དཀའ། འདི་ཕྱོགས་སུ་ཚད་གཞི་རུང་བའི་ཁང་དཔེ་ནི་དཀོན། ཉམས་མྱོང་དང་ཤེས་རབ་ཅན་གྱི་བགྲེས་པོ་ནི་མེད། དེ་བས་རེ་ཞིག་རྩ་བའི་གདན་ས་ཁག་གི་ཁང་དབྱིབས་ལ་དཔེ་བྱས་ན་ཆུང་ལེགས་པར་བསམ་སྟེ། གཙང་སྨན་རི་དགོན་དང་། གཡུང་དྲུང་གླིང་། དེ་བཞིན་སེ་ར། འབྲས་སྤུངས། གནས་ཆུང་དགོན། ནོར་བུ་གླིང་ཁ། པོ་ཏཱ་ལ། གཙུག་ལག་ཁང་སོགས་ལ་སོང་ནས་ཁང་པ་སྤྱི་ཡི་འགྲོ་སྟངས་དང་། རྡོ་རྩིག་རྩིག་ལུགས། ཤིང་བརྩེགས་བཟོ་སྟངས། སྒོ་དང་སྒེའུ་ཁུང་འཇོག་ལུགས། ཚོན་རྩི་རྒྱག་ལུགས་སོགས་ལ་ཞིབ་ལྟ་དང་འབྲེལ་དཔར་ལེན་དང་བརྙན་གཟུགས་ཀྱང་ཕབས།།
༼༢༠༠༨༽ས་བྱི་ལོར་རང་ལོ་སོ་བདུན་ལ་སླེབས། དཔྱིད་ཀར་ཚོགས་ཁང་གི་ཤིང་ཉོ་བྱེད་དགོན་གཞུང་ལ་སྒོར་ཆིག་ཁྲི་ཙམ་ལས་མེད་པས་དཀའ་ཁག་འགའ་འཕྲད་ཀྱང་མཐར་ཤིང་ཁ་དྲུག་ཅུ་ཙམ་ཉོ་ཐབས་བྱུང་སྟེ་རིམ་པས་མ་སྐྱོན་ཙམ་བྱུང་། དེ་ནས་ཚོགས་ཁང་དངོས་བསྐྲུན་པའི་ལས་འགོ་བཙུགས་ཏེ། རྒྱ་ཁྱོན་ཀྭ་རིང་བཞི་དང་ཀྭ་ཐུང་ཉི་ཤུ་ཡོད་པའི་ཐོག་བརྩེགས་གཉིས་ལྡན་ཅན་ལ་རྩ་བའི་རྡོ་བཟོ་དང་ཤིང་བཟོ་གཉིས་ཀ་བོད་ལུགས་དབུས་གཙང་གི་དགོན་སྡེའི་བཟོ་དབྱིབས་ཅན་དང་། སྤེན་རྒྱན་ནི་ཤིང་ཉ་བྲེག་ལས་དངོས་སུ་བཟོས། དེ་བཞིན་འགྲོ་གྲོན་དང་རྒྱ་ཁྱོན་ཡང་དེ་ཙམ་མི་ཆེ་རུང་མིག་ལམ་དུ་མངོན་ཚེ་ཆ་ཤས་རེ་རེ་ནས་ངོ་མཚར་ཅན་འདི་ཞེས་ཀྱི་སྤྲོས་པ་མེད་ཀྱང་སྤྱི་ཡི་ཆ་ནས་བབ་ཆགས་ཤིང་བརྗིད་ཉམས་ལྡན་པ་ཞིག་ཡོད་པ་ནི་མཐོང་ཆོག་ལྟར་རོ། སོས་ཀར་གྲུབ་ཆེན་ནམ་མཁའ་རིན་པོ་ཆེ་དགོན་དུ་ཕེབས་འབྱོར་གྱིས་བྱ་བ་དེའི་ཐད་རོགས་རམ་གནང་། དམ་པའི་མདུན་ནས་ཉམས་ཁྲིད་སྙིང་གི་རྒྱ་ཅན་གྱི་ལུང་ཡང་ཐོབ། ལོ་དེའི་སྟོན་ཁར་ཚོགས་ཁང་རྩ་བའི་ཆ་ནས་བཞེངས་གྲུབ་སྟེ་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་རབ་གནས་ཀྱང་གྲུབ། དམ་པའི་མདུན་ནས་མངའ་དབུབ་བཀྲ་ཤིས་གཏེར་མཛོད་དང་། ཉེར་མཁོ་འཕྲུལ་གྱི་ལྡེའུ་མིག་གཉིས་ཀྱི་ལུང་ཞུས། །
༧ སྤུ་རྒྱལ་གནས་ཀྱི་ལྷོ་ཕྱོགས་བརྡ་ཡི་ཀླུང་།།
དབང་ལྡན་ཞུ་དགོན་སྨིན་གྲོལ་གླིང་ཆེན་གྱི།།
ངོ་མཚར་གཙུག་ལག་ཁང་གི་ཉམས་བཟང་འདིས།།
གསས་མཁར་ཤམ་པོ་ལྷ་རྩེའི་ངང་ཚུལ་འགོག།
ཅེས་སོ།།
དགུན་སྟོད་དུ་ནམ་མཁའ་རིན་པོ་ཆེ་ཆེད་དུ་གདན་ཞུས་ཀྱིས་དགོན་དུ་ཨ་དཀར་བུམ་སྒྲུབ་འཚོགས་ཤིང་དེའི་རིང་དགེ་སྐོས་བྱས། སྟེང་ཆེན་དགོན་དུ་མཆེད་གྲོགས་བསྟན་འཛིན་དགེ་འདུན་དང་། བར་ཐ་བསྟན་པ། གཙོ་ཚུལ་ཁྲིམས་བཅས་ཐེངས་དང་པོའི་དགེ་བཤེས་རྣམ་གསུམ་དང་། བླ་ཆུང་གཡུང་དྲུང་རྒྱལ་མཚན་སོགས་སྐབས་དྲུག་པའི་སྒྲུབ་ཐོན་གྱི་མཛད་སྒོར་ཡོང་དགོས་པའི་བརྡ་འབྱོར་བ་བཞིན་སོང་། དེ་མཚམས་རང་དགོན་དུ་སེར་སྐྱ་ལྔ་བཅུ་ཡར་འཕེལ་ལ་སྔ་དྲོ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་དང་། དེའི་དགོང་མོར་གྲྭ་བཙུན་དང་བོན་གཤེན་རྣམས་ཀྱི་ངོར་ཀུན་རིག་སྲེག་གཞུང་དང་། གསས་མཁར་མཆོག་ལྔའི་གཞུང་སོགས་ཀྱི་ལུང་བཏོན། གྲྭ་བཙུན་གསར་ཞུ་འགའ་ལ་སྡོམ་ཁྲིམས་ཀྱང་ཕུལ། སྐབས་དེར་ཟླ་སྨད་གྲོང་ཚོའི་སྤྱི་རིམ་ཞི་བརྒྱ་ཁྲི་མཆོད་ཀྱི་མཇུག་ཏུ་ཁྲོ་བོ་འགུ་ཡའི་དབང་ཞིག་བསྐུར་ཏེ་ཆང་རག་དང་ཐ་མ་ཁ་གཅོད་རྒྱུ་སོགས་ཡུལ་དུས་དང་བསྟུན་པའི་དགེ་སྐུལ་ཞུས། གསང་ཆེན་སྔགས་ཀྱི་གཞུང་གི་དཀའ་གནད་ལས་འཕྲོས་པའི་《བཀའ་འགྲེལ་གསལ་བྱེད་ལས་བརྩམས་པའི་དྲི་བ།》ཞེས་པ་ཞིག་ཟིན་ཐོར་བཀོད་པ་ལ། དེའི་ལན་དུ་དགེ་བཤེས་ཤེས་རབ་ཐབས་མཁས་མཆོག་ནས་《བཀའ་འགྲེལ་གསལ་བྱེད་ལས་བརྩམས་པའི་དྲིས་ལན།》 ཞེས་པའི་རྩོམ་དང་མཉམ་དུ་《ཁྱུང་ཆེན་རིག་པའི་གཤོག་རླབས།》ཞེས་པའི་ལོ་དེབ་འདོན་ཐེངས་དང་པོར་བཀོད། དགུན་སྨད་དུ་སྔོན་འཆར་ལྟར་གཉན་རོང་ཆབ་མདོ་དགོན་དུ་སོང་སྟེ། ཁྲི་འཛིན་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་མཆོག་དང་། སྒྲུབ་ཐོན་པ་ཚུལ་ཁྲིམས་ཡེ་ཤེས་ཟུང་དང་ཕྱར་གྲུ་མཉམ་འདེགས་ཀྱིས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་གཟའ་སྐར་དགེ་བའི་ཉིན་སྒྲུབ་གྲྭ་དབུ་བཙུགས། ཐོག་མར་སྒྲུབ་གྲྭ་བ་ཁྱུང་པོ་སྦྲ་ནག་བླ་ཆུང་ལུང་རྟོགས་རྒྱལ་མཚན་དང་། ཁྱུང་པོ་ཀུན་བཟང་བསྟན་འཛིན། གྲྭ་གཡུང་དྲུང་རྒྱ་མཚོ། གཙུག་ཕུད་རྣམ་རྒྱལ། ཕུན་ཚོགས་བསྟན་འཛིན། སྡེ་སྣོད་རབ་འབྱམས། ཤེས་རབ་མཐའ་ཡས། བརྩོན་འགྲུས་མཐའ་ཡས། སྤངས་པ་མཐར་ཕྱིན། གཡུང་དྲུང་བསྟན་འཛིན། ཀུན་དགའ་ཚུལ་ཁྲིམས། སྨོན་ལམ་མཐའ་ཡས། སྐལ་བཟང་བསྟན་འཛིན། ཚུལ་ཁྲིམས་རྒྱལ་མཚན། བྱང་ཆུབ་རྒྱལ་མཚན། ཚུལ་ཁྲིམས་བློ་གསལ། རྒྱལ་གཤེན་བསྟན་འཛིན། མཁྱེན་རབ་ཀུན་གསལ། ལུང་རིགས་རྒྱ་མཚོ། ཤེས་རབ་དོན་ལྡན། གཤེན་བསྟན་གོང་འཕེལ། བསྟན་འཛིན་དོན་ཡོད། བསྟན་འཛིན་མཆོག་ལྡན། བློ་གྲོས་གཙུག་ཕུད་བཅས་བྱུང་། གྲྭ་པ་གསར་ཞུ་རྣམས་ལ་སྡོམ་པ་ཕུལ། དང་ཐོག་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཁྲིད་ཅིང་ཐུན་བཞིའི་སྒོ་ནས་འབུམ་དགུ་བསགས་སྦྱོང་བྱས། རིམ་བཞིན་ཐེག་དགུའི་རྣམ་བཤད་ཉུང་བསྡུས་དང་། ལུང་རིགས་མཛོད་ཀྱི་མདོ་ཡི་སྐོར། ཞི་གནས་ལག་ལེན། སྡེ་སྣོད་མཛོད་སྟོད་ཆ། མ་རིག་ངོས་འཛིན། སྐུ་གསུམ་རང་ཤར་གྱི་དངོས་གཞི་བཅས་ཁྲིད། རིག་གནས་སྐོར་ལ་མིང་གཞི་སློབ་ཆུང་དག་ཡིག་དང་། བརྡ་སྤྲོད་སྲིད་པའི་སྒྲོན་མེ། སྙན་ངག་རིན་ཆེན་ལྡེའུ་མིག་གཉིས་ཁྲིད། །
༧ ཡངས་པའི་རྩྭ་ཐང་མུ་མེད་ནམ་མཁའི་ཀློང་།།
ཕྱུགས་རིགས་དཀར་ནག་རྒྱུ་སྐར་བདལ་བ་བཞིན།།
མི་རྣམས་རྒྱུད་དྲང་དགེ་ལ་དད་མོས་ཆེ།།
གཉན་རོང་ཞེས་པའི་གྲགས་པ་སྲིད་ན་འབར།།
༧ དེ་ཡི་ཤར་ངོས་ཨ་གྲགས་བྱ་བའི་ཡུལ།།
ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱི།།
གདན་ས་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་།།
སྐྱེ་དགུའི་བསོད་ནམས་ཞིང་དུ་ལྷམ་མེར་བཞུགས།།
༧ རྣམ་འདྲེན་ཚུལ་ཁྲིམས་ནོར་བུའི་ཐུགས་བསྐྱེད་དང་།།
མོས་ལྡན་འདུས་པ་རྒྱ་མཚོའི་འབད་བརྩོན་གྱིས།།
ལུང་རྟོགས་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཞིག།
སྔོན་མེད་བསྟན་འགྲོའི་གསོས་སུ་དེང་འདིར་འཁྲུངས།།
ཞེས་བར་སྐབས་ཚིགས་སུ་བཅད་པའོ།།
དཔྱིད་ཀར་རེ་ནེ་དགོན་གྱི་བླ་གྲྭ་འདུས་སྤྱི་ནས་དགོན་དེར་བཤད་གྲྭ་འཛུགས་འཆར་ཡོད་པས་དེའི་གནས་སྐབས་དགེ་རྒན་དགོས་པའི་བཀའ་ཕེབས་ཨུ་ནན་བྱུང་ཡང་ཆབ་མདོ་དགོན་དུ་སྒྲུབ་གྲྭ་དབུ་ཚུགས་ཙམ་དང་། རང་དགོན་གྱི་ལས་གྲྭ་ཡང་མཐར་ཕྱིན་མེད་སྟབས་གནས་སྐབས་དེ་བཞིན་ཁས་ལེན་ཞུ་ཐབས་མ་བྱུང་། དེ་ནས་རང་དགོན་གྱི་བླ་མ་དང་། དགེ་བཤེས། འགན་འཛིན་རྣམས་ནས་ཞིབ་ཕྲའི་གྲོས་མོལ་བརྒྱུད་འདི་ལོར་དགོན་དུ་བཤད་སྒྲུབ་གཉིས་ཀྱི་བསྟན་རྒྱུན་འཛུགས་པའི་བཞེད་དགོངས་གཅིག་ཏུ་བབ།། སོས་ཀར་རང་དགོན་བཅོས་སྒྲིག་དང་འབྲེལ་གྲྭ་ཐོ་གནོན་ཕྲི་ཡང་བྱས། དགོན་གྱི་ཇ་ཁང་དང་། མགྲོན་ཁང་། གྲྭ་ཤག་འཕྲོ་རྣམས་ལས་འགོ་ཚུགས། བོད་ཟླ་བདུན་པའི་ཚེས་ཉི་ཤུ་ལྔ་སྟེ་གཟའ་སྐར་དགེ་བའི་ཉིན་མོར་རང་དགོན་དུ་བཤད་སྒྲུབ་འདུས་སྡེ་དབུ་བཙུགས། དང་ཐོག་མཚན་ཉིད་པ་ཞུ་ཚང་ཀུན་བཟང་རང་གྲོལ་དང་། སྐལ་བཟང་རྒྱལ་མཚན་གཉིས། ཤེལ་ཞིག་བསྟན་འཛིན་ཕུན་ཚོགས། གྲྭ་ཚུལ་ཁྲིམས་རྒྱ་མཚོ། རྒྱལ་བསྟན་ཆོས་འཕེལ། ཤེས་རབ་འོད་ཟེར། ཚུལ་ཁྲིམས་ལྷུན་གྲུབ། ཚུལ་ཁྲིམས་ཉི་མ། ཚུལ་ཁྲིམས་ནམ་མཁའ། ལུང་རྟོགས་བསྟན་འཛིན། སྐལ་བཟང་དཔལ་ལྡན། གཙུག་ཕུད་འོད་ཟེར། ཡེ་ཤེས་རྒྱལ་མཚན། ཤེས་རབ་ཕུན་ཚོགས། སངས་རྒྱས་རྒྱ་མཚོ། སངས་རྒྱས་བསྟན་འཕེལ། གཡུང་དྲུང་འོད་ཟེར། གཡུང་དྲུང་མགོན་པོ། སྐལ་བཟང་རབ་རྒྱས། ནམ་མཁའ་འོད་ཟེར། བརྩོན་འགྲུས་རྒྱལ་མཚན། གཡུང་དྲུང་ཀློང་ཆེན། གྱེར་སྤུངས། ཀུན་དགའ་ཚུལ་ཁྲིམས། གཤེན་བསྟན་རབ་གསལ་བཅས་དང་། སྒྲུབ་གྲྭ་བ་ཡོན་ཏན་དཔལ་བཟང་དང་། ཟླ་བ་བཟང་པོ། གཡུང་དྲུང་སྨིན་གྲོལ། ཚོགས་གཉིས་མཐར་ཕྱིན། གཡུང་དྲུང་ཉི་མ། བརྩོན་འགྲུས་སྦྱིན་པ། ཡེ་ཤེས་བཟང་པོ་བཅས་སོ། རྒྱུན་ལྡན་དཔེ་ཁྲིད་སོགས་ཀྱི་མཛད་འགན་གཙོ་བོ་རྒན་ཤེས་རབ་ཐབས་མཁས་རིན་པོ་ཆེ་མཆོག་དང་། རྒན་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་རྣམ་གཉིས་ནས་བཞེས།།
༧ སྔ་མོ་ཞིག་ནས་ལྗོངས་འདིར་སངས་རྒྱས་བསྟན།།
དར་ཡང་ཕལ་ཆེར་བཅའ་འདོན་ཙམ་ཉིད་ལས།།
སྙིང་པོའི་བསྟན་པ་ཚུལ་བཞིན་དབེན་པའི་སྐབས།།
དེང་འདིར་བཤད་སྒྲུབ་བསྟན་པའི་སོན་རྩ་འབུས།།
ཞེས་ཀྱང་ཡིན་ལུགས་ཚིགས་སུ་བཅད་པའོ།།
སྟོན་ཁར་སློབ་དཔོན་རིན་པོ་ཆེའི་བཀའ་ལྟར་མེ་མོ་རི་ཁྲོད་དུ་སོང་སྟེ་སྲིད་རྒྱལ་དྲེའུ་ནག་གི་སྐུ་བརྙན་ལ་གཟུངས་འཇུག་ཕུལ། སློབ་དཔོན་མཆོག་ནས་རང་དགོན་དུ་བཤད་སྒྲུབ་འདུས་སྡེ་ཚུགས་པའི་ལེགས་སོའི་གནང་སྦྱིན་ཡང་ཐོབ། དགུན་ཁར་ཆབ་མདོ་དགོན་དུ་མ་རྒྱུད་བསྙེན་མཚམས་བསྡད་དེ་ཚོགས་འཁོར་ཉི་ཤུ་གྲུབ། དེ་མཚམས་མཉམ་མེད་བླ་སྒྲུབ་བསྒྲུབས་ཏེ་སྙིང་པོ་འབུམ་གཉིས་ཙམ་སོང་། འདིའི་སྐབས་ཞིག་སྲས་དྲུང་མུ་གྲགས་པ་རིན་པོ་ཆེ་སོགས་དགོན་གྱི་བླ་གྲྭ་འདུས་པ་ཡོངས་ཀྱི་དགོངས་བཞེད་ལྟར་རང་དགོན་གྱི་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་ཆེད་ཕེབས་ཀྱིས་ག་ཤེལ་དགོན་དུ་སྒྲུབ་གྲྭ་དབུ་འཛུགས་མཛད་དེ་རྒྱུན་ལྡན་གྱི་དཔེ་ཁྲིད་སོགས་གནང་། སྒྲུབ་གྲྭ་བ་རྣམས་ལ་སྐབས་བབ་ཀྱི་དཔེ་ཁྲིད་དང་། མོས་ལྡན་རྣམས་ཀྱི་ངོར་བྲུ་ཡི་ཨ་ཁྲིད་སྔོན་འགྲོ་ཚར་གཅིག་ཁྲིད། བསྙེན་བསྙུང་སྡོད་མཁན་མང་རབ་བྱུང་ཞིང་དེའི་སྡོམ་པ་ཡང་ཕུལ། དགོན་གྱི་བླ་གྲྭ་ཡོངས་ཀྱི་ཐུགས་བཞེད་ལྟར་ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་བཤད་གྲྭ་དབུ་བཙུགས་ཏེ་དེ་སྔོན་གྱི་སྒྲུབ་གྲྭ་བ་འགའ་དང་གསར་ཞུགས་བཅས་བླ་གྲྭ་ཉེར་གཉིས་ཏེ། ཁྱུང་པོ་རྒྱལ་བསྟན་རབ་གསལ་དང་། ལུང་རྟོགས་རྒྱལ་མཚན་གཉིས། ཚུལ་ཁྲིམས་ཡེ་ཤེས། གཙུག་ཕུད་རྣམ་རྒྱལ། གཡུང་དྲུང་བསྟན་འཛིན། ཀུན་དགའ་ཚུལ་ཁྲིམས། བསྟན་འཛིན་མཆོག་གསལ། བྱང་ཆུབ་རྒྱལ་མཚན། ཚེ་དབང་རྒྱལ་མཚན། རྒྱལ་གཤེན་བསྟན་འཛིན། ཚུལ་ཁྲིམས་མཆོག་ལྡན། ཚུལ་ཁྲིམས་བློ་གསལ། བསྟན་པ་རབ་རྒྱས། ལུང་རྟོགས་གོང་འཕེལ། ལུང་རིགས་རྒྱ་མཚོ། སྨོན་ལམ་མཐའ་ཡས། བསྟན་འཛིན་བཟང་པོ། སྐལ་བཟང་བསྟན་འཛིན། ཀུན་བཟང་བསྟན་འཛིན། བསྟན་འཛིན་དོན་ཡོད། བློ་གྲོས་གཙུག་ཕུད། བསྟན་འཛིན་མཆོག་ལྡན་བཅས་ལ་བསྡུས་གྲྭ་ཁྲིད།།
༼༢༠༡༠༽ལྕགས་སྟག་ལོར་རང་ལོ་སོ་དགུར་སླེབས། སྒྲུབ་གྲྭ་རྣམས་ལ་ལུང་རིགས་མཛོད་ཀྱི་སྔགས་སྐོར་དང་། སྔགས་རིམ་བཀའ་འགྲེལ་གསལ་བྱེད། ལྷ་གཉན་ཤེལ་སྒོང་། སྡེ་སྣོད་མཛོད་སྔགས་ཀྱི་སྐོར། རྩ་རླུང་བཅས་དང་། བཤད་སྒྲུབ་མཉམ་དུ་མཆོད་རྟེན་ཐིག་རྩ་དང་། གཟུངས་འཇུག་འབུལ་ཐབས། ནག་རྩིས་སྣང་སྲིད་མེ་ལོང་བཅས་ཁྲིད། དཔྱིད་ཀར་རང་དགོན་དུ་ཐུག་རྒྱག་ཅེས་མཚན་ཉིད་པ་རྣམས་ཚོ་གཉིས་བགོས་ཏེ་དམ་བཅའ་རེས་མོས་ཀྱི་ཐོག་ནས་རྩོད་པ་དང་རྩོད་སྤང་མཛད་དེ། ཁས་ལེན་དངོས་འགལ་ལམ་ལུང་རིགས་དངོས་དང་འགལ་བའི་ཁས་ལེན་མང་ཉུང་འགྲན་པའི་བྱེད་སྒོ་ཞིག་སྤེལ་ཏེ། རྒན་དགེ་བཤེས་ཤེས་རབ་སྦྱིན་པ་དང་མཉམ་དུ་དེའི་གཙོ་སྐྱོང་བྱས། མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་སྟེ་འགྲོ་བའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོན་རྒུད་ཚབས་ཆེན་བྱུང་བར་གཤིན་པོ་རྣམས་ལ་བསྔོ་སྨོན་དང་། གསོན་པོ་རྣམས་ལ་སྙིང་ཉེའི་ཐུགས་གསོའི་དངུལ་ཡང་ཞལ་འདེབས་ཕུལ། དེ་སྔོན་སྟེང་ཆེན་དགོན་དུ་ཡོད་སྐབས་དེའི་སྒྲུབ་གྲྭ་བ་འགའ་ནས་རྩ་རླུང་སྐབས་ཀྱི་སྟོང་ར་དང་གཏུམ་མོའི་སྐོར་ལ་དྲི་བ་འདོན་མཁན་འགའ་ཤས་བྱུང་ཡང་དྭོགས་གནད་སེལ་བའི་ལན་གསལ་པོ་ཞིག་འབུལ་རྒྱུ་མ་རྙེད་པ་སོགས་ལ་བརྟེན། འབྲེལ་ཡོད་ཡིག་ཆ་འགའ་ཞིག་ལ་དཔྱད་དེ་《སྟོང་ར་དང་གཏུམ་མོ་ཞེས་པའི་ཐ་སྙད་ལ་ཐོག་མའི་དཔྱད་པ་གསར་བུའི་བློ་སྒོ་འབྱེད་པའི་ལྡེའུ་མིག།》 ཞེས་པ་དང་ཡང་《ཀུན་རིག་ལས་བཞིའི་ཤིང་རྩེག་བཟོ་ཐབས་རྣམ་དག་ལུང་གི་དགོངས་རྒྱན།》ཞེས་པ་གཉིས་བྲིས་ཏེ་《སྤུ་རྒྱལ་གངས་དཀར།》ཞེས་པའི་ལོ་དེབ་འདོན་ཐེངས་གཉིས་པར་བཀོད། དབྱར་ཁའི་གུང་གསེང་སྐབས་བླ་མ་ཚུལ་ཁྲིམས་ནོར་བུའི་མཐུན་སྦྱོར་འོག་ནག་ཆུ་ཀོ་ལུག་གྲོང་རྡལ་གྱི་ཁོངས་སུ་གནས་པའི་འབམ་རོམ་བཀའ་བརྒྱུད་ཀྱི་གདན་ས་དང་། སྒྲོལ་མ་ལྷ་ཁང་། དེ་ནས་རིམ་པར་གནམ་མཚོ་ཕྱུག་མོ་དང་། ཀརྨ་པའི་གདན་ས་ཕྱུར་ཕུ་དགོན། ཞྭ་དམར་བའི་གདན་ས་གནས་རྙིང་དགོན། དེ་བཞིན་ལྷོ་ཁ་བསམ་ཡས་དགོན་དང་། ཡུམ་བུ་བླ་སྒང་། ཁྲ་འབྲུག་དགོན། སྨིན་གྲོལ་གླིང་དགོན་སོགས་ལ་གནས་མཇལ་བྱས། ལྷོ་ཁ་དང་ཁྲ་འབྲུག་དགོན་གྱི་བར་དེར་ཡུལ་དེའི་ཞིང་པ་རྣམས་འོང་སྐོར་འགྲོ་བའི་བྱེད་སྒོ་ཡང་མཐོང་། ལྷ་ས་ནས་དགོས་དབང་གིས་ཀློག་ཀླད་ཅེས་པའི་དེང་རབས་ཀྱི་འཕྲུལ་ཆས་ཞིག་ཀྱང་བླ་མའི་མཐུན་སྦྱོར་གྱིས་ཉོས། སྟོན་ཁར་ཆབ་མདོ་དགོན་དུ་དེ་སྔོན་རང་ཉིད་སློབ་ལ་ཞུགས་སྐབས་བོན་གྱི་རྣམ་གྲངས་ལྟ་བདེ་ཞིག་མཇལ་རྒྱུ་མ་བྱུང་བའི་དཀའ་ཁག་འགའ་ཞིག་འཕྲད་མྱོང་བ་ལྟར་དེ་འདྲ་བྱུང་ན་སྐལ་མཉམ་གསར་བུ་དག་ལའང་ཕན་ཅི་ཆེ་ཡོད་པར་སྙམ་སྟེ། སློབ་གཉེར་གྱི་ཞོར་དུ་དབུ་བདེན་པ་གཉིས་ནས་བཙུགས་ཏེ་མཇུག་སྟོང་ཉིད་བཅོ་བརྒྱད་ཀྱིས་བསྡུས་པའི་《རྒྱུད་ལུང་ཀུན་ལས་བཏུས་པའི་བོན་གྱི་རྣམ་གྲངས་མདོར་བསྡུས་བློ་གསལ་རེ་བ་སྐོང་བའི་མགུལ་རྒྱན་ལེགས་བཤད་གཟི་ཡི་དོ་ཤལ།》ཞེས་པ་ཞིག་བྲིས་ཡོད་པ་དེ་ཀློག་ཀླད་དུ་བསྒྲིགས། དད་ལྡན་ལྷ་སྡེ་ཡོངས་ཀྱི་རེ་བ་ལྟར་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་སྒོ་ནས་ཨ་དཀར་བུམ་སྒྲུབ་བདུན་ཕྲག་གཅིག་འཚོགས། དེའི་རིང་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་དགེ་སྒྲུབ་སྡིག་སྤང་སྤྱི་དང་། ཡུལ་དུས་ལ་ལྟོས་པའི་བསླབ་བྱ་ཅི་ཤེས་རེ་ཡང་ཞུས། མཇུག་ཏུ་དེའི་དབང་དང་སྒྲུབ་སྨན་རིལ་བུའི་སྦྱིན་པ་བཀྱེས། དེ་ནས་མོས་ལྡན་དུ་མའི་ངོར་བྲུ་ཡི་ཨ་ཁྲིད་སྔོན་འགྲོ་ཚར་གཅིག་དང་། བསྙེན་བསྙུང་འདུག་མཁན་རྣམས་ལ་སྡོམ་ལུང་ཡང་བཏོན། འདི་ལོར་རང་དགོན་དུ་བསྟན་འཛིན་ཚུལ་ཁྲིམས་མཆོག་ནས་དཔེ་ཁྲིད་མཛད་དེ་སྒྲུབ་གྲྭ་བ་དང་བཙུན་མ་ཉི་ཤུ་ཡར་འཕེལ་གྱིས་རྩ་རླུང་སྦྱངས། དེ་མཚམས་བོན་གྱི་རྣམ་གྲངས་དེའི་འགྲོ་གྲོན་ཆབ་མདོ་དགོན་གྱི་བཤད་སྒྲུབ་སྤྱི་ནས་བསྩལ་གནང་བྱུང་བ་ལྟར་ལྷ་སའི་སྒེར་གྱི་པར་ཁང་ཞིག་ནས་ཚར་གཉིས་སྟོང་ཙམ་དཔར་དུ་བཏབ། དེ་དང་ཆབས་ཅིག་མཆེད་གྲོགས་གཡུང་དྲུང་རྣམ་དག་ནས་རྩ་བླ་ལུང་རིགས་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་དང་ཟབ་གདམས་མགུར་མ་སོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་《ཤར་རྫ་བ་ལུང་རིགས་རྣམ་དག་གི་རྣམ་མགུར།》ཞེས་པའི་དེབ་ཅིག་འདོན་འཆར་ཡོད་པ་ལྟར་རྩོམ་སྒྲིག་པའི་བཀའ་དགོངས་ལྟར་ཞུ་དག་གི་ཕྱག་རོགས་ཀྱང་བསྒྲུབས། དགུན་ཁའི་ངལ་གསོ་དང་འབྲེལ་རྣམ་གྲངས་ཀྱི་དཔེ་དེབ་དེ་བཞིན་རྩ་བའི་གྲྭ་ས་གོང་འོག་དང་། གཉན་རོང་། སྦྲ་ཆེན། འབྲི་རུ། ཁྱུང་པོ། ལྷོ་རོང་། ཨ་མདོ། སྡེ་དགེ་སོགས་ཀྱི་རིགས་མཐུན་བཤད་སྒྲུབ་འདུས་སྡེ་ཕལ་ཆེར་གྱི་མི་རེ་ལ་རེ་རེ་སྟེ། བསྟན་པ་སྤྱི་ལ་ཁ་མིན་དོན་གྱི་ལྷག་བསམ་མཚོན་བྱེད་དང་བྱེ་བྲག་གྲོགས་མཆོག་སློབ་གཉེར་བ་རྣམས་ལ་ཁམས་བདེའི་འཚམས་འདྲི་དང་ཐོག་མའི་ལེགས་སྐྱེས་ཤིག་གི་ཚུལ་དུ་དམིགས་ཏེ་འབུལ་ལམ་ཞུས། འོན་ཀྱང་དེབ་ཆུང་འདི་ལྟ་བུ་ཞིག་ལ་ཡང་རྩ་བའི་སྒྲིག་སྟངས་དང་བརྡ་དག་གང་ཐད་ནས་ནོར་འཛོལ་ཅི་རིགས་བྱུང་འདུག་པ་རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་གསུང་རབ་འཕྲུལ་ཆས་ཀྱི་ལམ་ནས་པར་སྐྲུན་བྱེད་རྒྱུ་འདི་ལས་སླ་པོ་ཞིག་མ་ཡིན་པ་གཞི་ནས་ཤེས། དེ་ཡང་ལེགས་ན་ཚར་གྲངས་ཁྲི་སྟོང་མང་པོ་སྟབས་གཅིག་ཏུ་འགྲུབ་ཐུབ་པས་ངོ་མཚར་རླབས་ཆེན་གྱི་བྱ་བ་ཞིག་དང་། ཉེས་ན་བསྟན་པ་སྤྱི་ལ་རླབས་ཆེ་བའི་རྨ་འབྱིན་གྱི་ཉེས་པ་ཡང་མི་འབྱུང་བའི་ངེས་པ་མི་འདུག་པར་སྙམ་པའི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་གསར་པ་ཞིག་ཀྱང་བྱུང་ངོ་།།
༧ འབུམ་ཕྲག་དུ་མས་བསྐྲུན་པའི་གསེར་སྐུ་དང་།།
གྲགས་ཅན་དཔེ་རྟགས་ངོམ་པའི་མཐུ་དབེན་ཀྱང་།།
ཡུན་རིང་རྩོལ་བའི་རྔུལ་ཆུ་བསགས་པའི་འབྲས།།
མེད་པོའི་ར་མ་འབྲི་དགའ་མ་ཞེས་གྲགས།།
༧ གྲོན་ཆུང་སྒོར་མོ་སྟོང་ཕྲག་ཁ་ཤས་ཀྱིས།།
རླབས་ཆེའི་དཔེ་དེབ་འགྲུབ་པ་དགའ་འོས་ཀྱང་།།
ཞིམ་པོའི་ཟས་ལ་ས་རྡོས་བསླད་པ་བཞིན།།
ཆད་ལྷག་ཡིག་ནོར་མང་འདིས་སེམས་པ་སྐྱོ།།
ཞེས་ཀྱང་དོན་དངོས་ཉམས་སུ་བསྟར་བའི་ཡིན་ལུགས་ཚིགས་སུ་བཅད་པའོ།།