ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་དགུ་པ།༽
[ 2013/1/25 10:33:00 | By: ཁྱུང་གསེར་ཞུན། ]
 

དེ་ལྟར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཞེས་ཆེས་མཐོའི་མཁས་པའི་མཚན་སྙན་གྱི་མིང་དེ་འདྲ་སྤྱིར་མི་ཚེ་གཅིག་ལ་ཐོབ་པར་དཀའ་བའི་དོན་ཆེན་ཞིག་ཡིན་པ་ནི་ལྟ་ཅི་སྨོས། འོན་ཏེ་རང་ཉིད་ལ་མཚོན་ན་དང་པོའི་སྐྱེས་ཐོབ་ཀྱི་ཤེས་རབ་ཞན་པའི་ཁར་དེ་སྔོན་སློབ་ཡུན་ཡང་ཐུང་བར་མ་ཟད་རིག་པའི་གནས་ཀྱི་གཞུང་དོན་ནི་དེ་བས་གཏིང་ཟབ་པ་ཡིན་གཤིས་ཤེས་པ་ལས་ཀྱང་ཤེས་རྒྱུ་མང་འདུག་ཅིང་།  མིང་སྙན་དེ་འདྲ་ཞིག་ཐོབ་ཀྱང་རིག་གཞུང་ཅུང་ཟད་མ་ཤེས་པར་མིང་སྙན་པོ་ཞིག་ཁུར་ཏེ་སྤྱི་ཚོགས་གང་ཞིག་ཏུ་དོན་མེད་མི་ཚེ་ཅི་འཁྱོལ་བྱེད་པ་ནི་དགེ་བཤེས་སྤྱི་ཡི་ཞབས་འདྲེན་ཞུ་མཁན་འདྲ་བོ་མ་གཏོགས་གཞན་སྟོན་རྒྱུ་དང་ཐོན་རྒྱུ་ཅི་ཡང་མི་འདུག་པས་དེ་བས་སླར་ཡང་བཤད་གྲྭར་ཡུན་དུ་འདུག་པར་དམ་བཅས་ཏེ་བཤད་གྲྭར་གསར་ཞུགས་རྣམས་དང་མཉམ་དུ་དཔེ་ཁྲིད་དང་རྩོད་པ་སོགས་ཆག་མེད་བརྩོན།  སློབ་དཔོན་གྱི་བཀའ་ལྟར་བོན་ཐ་ཤེལ་ཕུར་རི་ཁྲོད་ཀྱི་རྐྱང་ཚང་བླ་ཆུང་སོགས་གསར་ཞུགས་འགའ་ལ་བརྡ་སྤྲོད་དང་སྙན་ངག་གི་དཔེ་ཁྲིད་འདྲ་ཡང་བྱས། འོན་ཏེ་ལོ་དེའི་དཔྱིད་ཀར་ཕྱི་ནང་གི་རྒྱུ་རྐྱེན་འགའ་ལ་བརྟེན་སྲིད་གཞུང་གིས་དགོན་དེའི་གྲྭ་ཐོ་མེད་རིགས་གནས་སྐབས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཕེབས་ལྟར་རང་ཡུལ་དུ་ལོག་དགོས་བྱུང་། སོས་ཀར་གཤེན་བསྟན་མཐའ་བརྟན་གླིང་དུ་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་མཆོག་གི་དགོངས་བཞེད་ལྟར་རྣམ་རྒྱལ་སྟོང་མཆོད་དང་། ཀུན་རིག་ལས་བཞི་རྒྱས་པ་ཞིག་གི་འབྲི་འདོན་ལ་རོགས་དམ་ཞུས། ཞོར་དུ་སྐམ་བླ་མ་རྒྱལ་མཚན་ནོར་བུ་མཆོག་གི་དྲུང་ནས་ཁྲོ་བོ་རྣམ་པར་འཇོམས་པའི་བཀའ་དབང་དང་།  རེབ་ཀོང་གོས་དཀར་ལྕང་ལོ་ཅན་གྱི་སྔགས་འཆང་ཞིག་གི་དྲུང་ནས་དབལ་གསས་སྒྲུབ་སྐོར་གྱི་ལུང་ཡང་ཐོབ། དེའི་དབྱར་ཁ་སླར་དགོན་དེར་ཟླ་ཤས་རིང་གྲོགས་རིན་ཆེན་བློ་གྲོས་དང་མཉམ་དུ་དགེ་སློང་དགའ་རིས་བཀྲ་ཤིས་དྲུང་ནས་དཀྱིལ་འཁོར་དང་མཆོད་རྟེན་གྱི་ཐིག་རྩ།  རྣམ་རྒྱལ་བུམ་གཏེར་འཛུགས་ཐབས། ལྷ་སྐུ་དང་མཆོད་རྟེན་སོགས་ཀྱི་གཟུངས་འཇུག་འབུལ་ཐབས།   དེའི་དུག་གསུམ་འཁོར་ལོ་དང་།  སྡེ་བརྒྱད་དྲེགས་པ་ཟིལ་གནོན་འཁོར་ལོ།  རྟགས་བརྒྱད་དང་ནོར་བདུན་གྱི་འཁོར་ལོ་བཟོ་སྟངས་སོགས་ཀྱང་བསླབས།  དགུན་ཁར་རང་ཡུལ་བརྡ་ཕུའི་རི་ཁྲོད་དུ་སྔོན་བདེར་འདུས་ཀྱི་བསྙེན་སྒྲུབ་འཕྲོ་རྩ་གསུམ་གྱི་སྒྲུབ་པར་བསྡད།  ཞོར་དུ་ན་གཞོན་སེར་སྐྱ་བཅུ་ཕྲག་ལྷག་ལ་བརྡ་སྤྲོད་སྲིད་པའི་སྒྲོན་མེ་དང་།  མོས་ལྡན་འགའ་ཡི་ངོར་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཚར་གཅིག་ཀྱང་ཁྲིད།  རང་རྩོམ་ཐོག་མ་ཞུ་དགོན་སྨིན་གྲོལ་གླིང་གི་ལོ་རྒྱུས་རགས་བསྡུས།》ཞེས་པ་དཔྱད་གཞིའི་ཡིག་ཆ་ཁག་དང་།  རྒན་རབས་དགོན་གྱི་དབུ་མཛད་ཉི་མ་སེང་གེ་དང་།  བྲ་འོ་བློ་ལྡན།  ཞུ་བཙུན་པདྨ།  དགེ་རྒན་ཁྱི་ཐར་སོགས་ཀྱི་གསུང་སྒྲོས་རྣམས་ཕྱོགས་བསྡུས་ཀྱིས་རྩོམ་སྒྲིག་བྱས་ཏེ་རྗེས་སུ་《ཁྱུང་པོ་སྟེང་ཆེན།》ཞེས་པའི་དེབ་ཕྲེང་དང་པོར་བཀོད། །

༧ གང་ཞིག་མཁས་པའི་བྱ་བ་རྣམ་གསུམ་ལས།།

འཆད་རྩོད་གནས་ལ་མ་ངེས་རྩོམ་པ་ཉིད།།

  ཡུན་དུ་གནས་ཕྱིར་གལ་འགངས་དེ་ཆེ་ཞེས།།

གྲགས་པ་ལག་ཏུ་བླངས་ཚེའང་དེ་ལྟར་སྣང་།།

ཞེས་བར་སྐབས་ངལ་གསོའི་ཚིགས་སུ་བཅད་པའོ།།

ས་སྟག་༼༡༩༩༨༽ལོར་རང་ལོ་ཉེར་བདུན་ཟིན།  དཔྱིད་ཀར་མཚམས་པ་བསྟན་འཛིན་ཚུལ་ཁྲིམས་མཆོག་གི་མདུན་ནས་ལུང་རིགས་མཛོད་དང་།  ཀུན་བཟང་སྙིང་ཐིག  བོན་འཆད་མཁས་པའི་མགུལ་རྒྱན་སོགས་དང་།  དགེ་སློང་ཚུལ་ཁྲིམས་རྣམ་དག་དྲུང་ནས་སྡེ་སྣོད་མཛོད་དང་།  མཉམ་མེད་བླ་སྒྲུབ་བཅས་ཀྱི་ལུང་ཐོབ།  རང་དགོན་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་དགོན་པ་བཅོས་སྒྲིག་བྱས་ཏེ་སྒྲིག་ཁོངས་གཏན་ཁེལ་དང་དགོན་དང་གྲྭ་བཙུན་སོ་སོར་ཐོབ་ཐང་ལག་ཁྱེར་སོགས་བསྩལ་གནང་བྱུང་།  སྲིད་གཞུང་དང་གྲྭ་ཚང་མཉམ་འབྲེལ་ཐོག་རང་ཉིད་དགོན་པའི་ཀྲུའུ་རིན་གཞོན་པའི་ལས་འགན་ཁུར་དགོས་པའི་བཀའ་ཕེབས་ལྟར་ཁས་ལེན་ཞུས།  སོས་ཀ་མེ་སྟོན་གདན་ས་རི་ཁྲོད་དུ་སོང་སྟེ་མཆེད་གྲོགས་ཡེ་ཤེས་ཐབས་མཁས་ཀྱི་དྲུང་ནས་དཀྱིལ་འཁོར་ཐིག་རྩའི་སྐོར་དང་གཟུངས་འཇུག་འབུལ་བའི་ལག་ལེན་རྣམས་ཞིབ་པར་སྦྱངས། འཆི་མེད་རྣམ་རྒྱལ་མདུན་ནས་ཤར་རྫའི་སྡོམ་གསུམ་རྩ་འགྲེལ་དང་།  བྱང་སེམས་བརྒྱ་རྩ།  གཙུག་གཤེན་རྣམ་རྒྱལ་མདུན་ནས་ནམ་མཁའ་མཛོད་སོགས་ཀྱི་ལུང་ཡང་ཐོབ། སྟོན་ཁར་གྲོགས་བསྟན་པ་དར་རྒྱས་དང་ལྷན་དུ་གནས་མཆོག་སྤུ་རྒྱལ་གངས་རི་ལ་སྐོར་བ་ཞིག་ཀྱང་སོང་། སྟོན་མཇུག་ཏུ་རི་ཁྲོད་དེར་སྨན་སྒྲུབ་ཆེན་མོའི་སྐབས་དང་བསྟུན་སློབ་དཔོན་སྐལ་བཟང་ཉི་མ་སོགས་ཀྱི་མདུན་ནས་ཡི་དམ་ཁྲོ་བོའི་དབང་ཆེན་ཡང་ཐོབ། དགུན་ཁར་དཔོན་སློབ་མཆོག་རང་དགོན་དུ་ཆེད་ཕེབས་གདན་ཞུས་བཞིན་སྡེ་དགོན་ཡོངས་ལ་སྤྱི་སྤུངས་ཁྲོ་བོའི་དབང་ཆེན་དང་འབྲེལ་གུས་པ་རང་ངོས་ནས་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་པར་བླ་མའི་བཀའ་དང་གྲྭ་ཚང་ལྷ་སྡེ་བཅས་ཀྱི་འདོད་དབང་གིས་ཁྱི་ལ་སེང་མིང་ཇི་བཞིན་དགོན་གྱི་མཁན་པོར་མིང་བཏགས།   དེ་དང་ཆབས་ཅིག་དགོན་འདིར་སྒྲུབ་གྲྭའི་དབུ་འཛུགས་ཀྱི་རྟེན་འབྲེལ་ཡང་སློབ་དཔོན་མཆོག་ནས་བསྩལ།  དེ་ནས་བཟུང་རང་ཉིད་སྔོན་རྩ་རླུང་སྐབས་ཀྱི་ཁས་ལེན་ལྟར་སྐུ་གསུམ་རང་ཤར་གྱི་བསྙེན་མཚམས་འདུག་ཞོར་སྒྲུབ་གྲྭ་བ་ཞུ་ཀུན་དགའ་ཉི་མ་དང་། གྲྭ་གཡུང་དྲུང་ཕུན་ཚོགས། གཡུང་དྲུང་ཕྲིན་ལས། གཡུང་དྲུང་རྣམ་དག བསོད་ནམས་གཡུང་དྲུང་།  བསྟན་འཛིན་མཆོག་ལེགས། ཚུལ་ཁྲིམས།  བསྟན་པ་འབྲུག་གྲགས། དགེ་ལེགས་བཅས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་སོགས་ཀྱི་དཔེ་ཁྲིད་བྱས།  ས་ཡོས་ལོའི་དཔྱིད་ཀར་སྒྲུབ་པ་ཐོན་ཏེ་དེའི་ཁ་སྐོང་ཚུལ་དུ་འབུམ་ཚོགས་ཞིག་ཀྱང་ཕུལ། སྐབས་དེར་དགོན་གྱི་རྨང་གཞི་བརྟན་པོ་མེད་ཁར་སློབ་ཞུགས་བ་རྣམས་ལོ་ན་ཆུང་བ་སོགས་ཀྱི་རྐྱེན་པས་གནས་སྐབས་སྒྲུབ་གྲྭའི་དཔེ་ཁྲིད་དེ་མཚམས་འཇོག་དགོས་བྱུང་། དབྱར་ཁར་དཔལ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་པ་དང་ཆབས་ཅིག་སྟེང་ཆེན་དགོན་དུ་ཆེད་ཕེབས་སྐབས་གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ་ཏེ་གལ་ཆེའི་བསླབ་གདམས་དང་།  སྲིད་རྒྱལ་དྲག་སྔགས་དབལ་མོའི་བཀའ་དབང་ཟབ་མོ་ཐོབ་ཅིང་དེའི་དབང་དོན་གྱི་ངོ་སྤྲོད་རྒྱས་པ་དང་དབང་དམ་ཁས་ལེན་དུ་སྲིད་རྒྱལ་བསྐང་ཆེན་ཉིན་ཚར་རེ་མི་ཆག་པའི་དམ་བཅའ་ཡང་ཕུལ།།

༧ མར་འགྲིབ་བསྐལ་ངན་དུས་འགྱུར་རླུང་འཚུབ་ཁྲོད།།

ལུང་རྟོགས་བསྟན་སྲིད་མིང་ཙམ་གྱུར་པའི་དུས།།

སྙིང་པོའི་སྲོག་གི་ཀྭ་ཆེན་ཁྱོས་ཟུང་ཞེས།།

ཕྱོགས་བཅུའི་རྒྱལ་རྣམས་བགྲོས་ཏེ་མངགས་པ་བཞིན།།

 

༧ ཕྱོགས་མེད་ཐོས་པའི་ཆུ་བོ་ཀུན་ནས་འདུས།།

རྣམ་དཔྱོད་བསམ་པའི་རླབས་ཕྲེང་དགུང་དུ་འཕྱུར།།

སྒོམ་རྟོགས་ནོར་བུའི་གཏེར་ཆེན་ཡོངས་སུ་དུད།།

དོན་གྱི་ཀུན་བཟང་མི་རུ་བརྫུས་པར་དྭོགས།།

 

༧ འཆད་པའི་ངག་རིག་སྐལ་ལྡན་ཤེས་རྒྱུད་དཀྲོལ།།

རྩོད་པའི་ཐལ་ཕྲེང་བཟློག་མེད་གནམ་ལྕགས་ཐོག།

རྩོམ་པའི་ལེགས་བཤད་མཁས་རྒུའི་སྙིང་དབུས་སིམ།།

སྨྲ་བའི་སེང་ཆེན་སྤྱི་གཙུག་རྒྱན་དུ་མཆོད།།

                       ཅེས་དད་པའི་མེ་ཏོག་མཆོད་པའི་ངང་ཚུལ་ལོ།།

སྟོན་ཁར་རང་དགོན་དུ་རིགས་དྲུག་རང་སྦྱོང་གི་སྒྲུབ་པ་ཞེ་དགུ་ཞིག་དང་།  དེའི་རིང་བསྙེན་བསྙུང་ཡང་ཆ་འགའ་ཞིག་བསྡད།  དེ་མཚམས་བསྟན་པ་སྤྱི་དགོས་ཡོངས་ཀྱི་ཞབས་རིམ་དུ་དམིགས་ཏེ་དྲག་སྔགས་དབལ་མོའི་སྒྲུབ་པར་བསྡད།  སྒྲུབ་པ་ཐོན་མཚམས་ལྕགས་འབྲུག་ལོའི་དཔྱིད་ཀར་དགོས་སོ་འཚལ་གྱི་རྫས་རྣམས་བསགས་ཏེ་དེའི་ལས་མཐའ་ཆ་ཚང་ཞིག་ཀྱང་བཏང་།  ལོ་དེའི་དབྱར་ཁར་གེ་བ་གྲོང་ཚོའི་སྤྱི་རིམ་དུ་རྣམ་རྒྱལ་སྟོང་མཆོད་དང་དེའི་བུམ་གཏེར་རྒྱས་པ་ཞིག་བསྒྲུབས་ཏེ་གཙོ་བུམ་ཡུལ་ལྷའི་གསས་མཁར་ནང་དང་འཁོར་བུམ་རྣམས་ཕྱོགས་མཚམས་བཞིན་ཡུལ་གྱི་ས་གནས་སོ་སོར་སྦས། དེ་མཚམས་བརྡ་སྨད་གྲོང་ཚོའི་རེ་འདུན་ལྟར་སྤྱི་རིམ་རྣམ་རྒྱལ་སྟོང་མཆོད་དང་འབྲེལ་རིག་གསར་རླུང་གིས་ཁྱེར་བའི་ཕོ་ལྷ་སྒྲ་ལྷའི་ལྷ་རྟེན་གསས་མཁར་དེ་ཉིད་ཉམས་གསོ་བྱས་ཏེ་མཇུག་ཏུ་རྟ་རྒྱུགས་བྲོ་གླུ་སོགས་རྟེན་འབྲེལ་དགའ་སྟོན་ལ་ཡང་རོལ། དེའི་སྟོན་ཁར་ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་འཛོམས་པས་སླར་ཡང་སྟེང་ཆེན་དགོན་དུ་མཚན་ཉིད་བསྐྱར་སྦྱོང་བྱེད་པར་སོང་།  སློབ་དཔོན་དགེ་བཤེས་རྒྱལ་བ་བསྟན་འཛིན་རིན་པོ་ཆེའི་དྲུང་ནས་ཐོག་མར་བསྡུས་རྟགས་བློ་གསུམ་ནས།   ཚད་མ།  ཐེག་རིམ།  མཚན་ཉིད་གསུམ་ཀྱི་རྣམ་བཞག  ས་ལམ།  མཚོན་བྱེད་ཞེ་ལྔ།  བསམ་གཟུགས།  དགེ་འདུན་ཉི་ཤུ།  རྟེན་འབྲེལ།  ཕར་ཕྱིན།  དབུ་མ།  མཛོད་། འདུལ་བ།  སྔགས་སོགས་རིམ་པར་སྦྱངས།  དེ་དང་ཆབས་ཅིག་ཡོངས་འཛིན་རིན་པོ་ཆེའི་གསུང་སྒྲ་ཐག་དང་འོད་སྡེར་དུ་ཕབས་པའི་ཐེག་རིམ་དང་།  གསང་སྔགས་བཀའ་འགྲེལ།  མ་རྒྱུད་རྒྱུད་འགྲེལ།  ནམ་མཁའ་འཕྲུལ་མཛོད།  བཀའ་རྒྱུད་སྐོར་བཞི།  རྒྱལ་བའི་ཕྱག་ཁྲིད།  བྲུ་ཡི་ཨ་ཁྲིད་བཅས་ལན་མང་ཉན་རྒྱུའི་སྐལ་པ་ཐོབ་ཅིང་དཔེ་ཆ་དངོས་དང་གོ་བསྡུར་གྱིས་ཟབ་གནད་རྣམས་མཆན་བུར་བཏབ། རིག་གནས་སྐོར་ལ་བརྡ་སྤྲོད་སྲིད་པའི་སྒྲོན་མེ་དང་།  སྙན་ངག་རིན་ཆེན་ལྡེའུ་མིག་གཉིས་སློབ་དཔོན་རིན་པོ་ཆེའི་མདུན་ནས་ཁྲིད་ཀ་ཐོབ།  དེ་སྐབས་སྙན་ངག་དཔེར་བརྗོད་ལས་ལེགས་འདེམས་ཀྱིས་དཔེར་བརྗོད་དེབ་ཅིག་ཐོན་ན་བསམ་ཡང་མ་དཔེ་དེབ་ཆུང་འགའ་ཤས་ཡོད་པ་སློབ་གྲོགས་གཞན་ལ་གཡར་དགོས་བྱུང་ཞིང་རྗེས་སོར་ལག་འཕྲོད་མ་བྱུང་བས་བློ་འགྱོད་འདྲ་བྱེད་པ་ལས་ཐབས་ཟད།  སྨན་གྱི་སྐོར་ལ་གཞུང་རྒྱུད་བཞི་ལས་རྩ་རྒྱུད་དང་ཕྱི་མ་རྒྱུད་གཉིས་བློ་འཛིན་དང་།  ཁྲིད་གཞུང་བཱེེ་སྔོན་དང་འགྲེལ་ཆེན་དྲང་སྲོང་ཞལ་ལུང་གཉིས་ཀྱི་ཐོག་ནས་རྒན་བཟོད་པ་ཚུལ་ཁྲིམས་ཀྱི་མདུན་ནས་ཞུས།  འོན་ཀྱང་རྗེས་སོར་སྨན་གྱི་ལག་ལེན་དངོས་བྱེད་པའི་གོ་སྐབས་མ་བྱུང་ཡང་སྨན་རྫས་སྐྱེ་དངོས་ཀྱི་རིགས་ངོས་འཛིན་དང་།  ལུས་ཀྱི་གྲུབ་སྟངས།  འབྱུང་བའི་བྱེད་ནུས་སོགས་རིག་གནས་ཕན་ཚུན་གཞོགས་འདེགས་བྱེད་པའི་ཕན་ཐོགས་ཅི་ཆེ་བྱུང་།  རྒན་གཙུག་གཤེན་དོན་འགྲུབ་མདུན་ནས་སྐར་རྩིས་སྔོན་འགྲོའི་སྐོར་རྣམས་བསླབས་ཏེ་དགུ་སྦྲག་སྒྱུར་ཆེན་མོའི་དཔེ་རིས་ཀྱང་བྲིས།  ས་དཔྱད་བྱེ་མ་ལག་ཁྲིད་ལྟར་ས་ལྟ་རྒྱུའི་སྐོར་ཞིག་རྒན་འདན་མ་གཡུང་བཀྲའི་མདུན་ནས་ཞུས། ལྷ་སྐུ་སྤྱི་ཡི་ཐིག་རྩ་ཞིག་རྒན་ཐར་པ་གཡུང་དྲུང་གི་མདུན་ནས་བསླབས།  དེ་བཞིན་མཁན་རིན་པོ་ཆེ་ཚོགས་གཉིས་རྒྱ་མཚོ་ནོར་བུའི་ཞལ་སྔ་ནས་སྔ་རྗེས་སུ་གེ་ཁོད་དང་།  སྟག་ལ།  ལྷ་རྒོད།  བྱམས་མ།  གདུགས་དཀར། གཤེད་དམར།  མ་ཏྲི་རིན་ཆེན་སྒྲོན་མ། རྣམ་དག་པདྨ་ཀློང་ཡངས།  ཁྲོ་བོ་དབང་ཆེན།  དྲན་པ་ཡང་གསང་།  ཁྱུང་དམར།  རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་བཞི་སོགས་ཐོབ།  ལུང་རྒྱུན་གྱི་རིགས་ལ་མཚན་ཉིད་རྩ་གཞུང་དང་།  མ་རྒྱུད་དང་བྱམས་མའི་སྒྲུབ་སྐོར་སོགས་དཔོན་སློབ་མདུན་ནས་དང་།   ཁྲོ་བོའི་རྒྱུད་དྲུག་དང་། འབུམ་ཉི་མ་དགུ་ཤར་སོགས་བཀའ་ཡི་རིགས་དང་། གསས་མཁར་མཆོག་ལྔ་སོགས་སྒྲུབ་སྐོར་གྱི་རིགས།  ཚེ་དབང་བོད་ཡུལ་མ་སོགས་ཁྲིད་གདམས་ཀྱི་རིགས་རྣམས་མཆེད་གྲོགས་ཡེ་ཤེས་ཉི་མ་དང་། ཚེ་དབང་འགྱུར་མེད།  བསྟན་པ་བཀྲ་ཤིས།  བསྟན་འཛིན་རྣམ་དག  ཨ་མདོ་ནོར་བུ་སོགས་ཀྱི་དྲུང་ནས་ཞུས་ཤིང་ཞིབ་ཕྲ་ལུང་ཐོ་ཟུར་དུ་གསལ།  མཚན་ཉིད་འཛིན་གྲྭ་འོག་མ་རྣམས་དང་།  སྒྲུབ་གྲྭ་བ་རྣམས་ལ་ཡང་གཞུང་དང་རིག་གནས་སྐོར་ཅི་ཤེས་ཁྲིད།  དགོས་པ་སྐབས་བསྟུན་གྱིས་མཚན་ཉིད་དགེ་རྒན་གྱི་མིང་དང་། ལོ་མང་རིང་བཤད་གྲྭའི་དགེ་སྐོས་ཀྱི་འགན་ཡང་ཁུར།  སྐབས་དེར་རྩོམ་ཡིག་སྐོར་ལ་《བརྡ་སྤྲོད་སྲིད་པའི་སྒྲོན་མའི་དྲིས་ལན་ཐོར་བུ་》ཞེས་པ་དང་།  《བཀའ་རྟགས་ཕྱག་རྒྱའི་མདོ་བཞིའི་སྐོར།》  《བོད་ཀྱི་རྒྱལ་གཤེན་གདུང་རྒྱུད་བཅུ་གསུམ་སྐོར།》《ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བཤད་གྲྭའི་བཅའ་གཞི།》  《ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་སྒོམ་གྲྭའི་བཅའ་གཞི།》  《རི་དམར་སྐལ་བཟང་གླིང་གི་ལོ་རྒྱུས།》  《རུ་ཐ་ངང་ཚང་དགོན་གྱི་ལོ་རྒྱུས་》སོགས་དགོས་པ་སྐབས་བསྟུན་དུ་བྲིས། དབྱར་ཁའི་གུང་གསེང་སྐབས་སུ་སྤྱི་དང་སྒེར་གྱི་དཀར་ལྡོམ་འགའ་ཡང་སོང་། ལྕགས་སྦྲུལ་ལོར་རྩ་བླ་ལུང་རིགས་རིན་པོ་ཆེ་དཔའ་བརྡར་ཞབས་སོར་འཁོད་པ་དང་ཆེད་དུ་མཇལ་བཅར་ཞུས་ཏེ་སྔ་རྗེས་ཀྱི་བྱ་བ་རྣམས་སྙན་ཞུ་དང་མ་འོངས་པའི་བྱ་བ་སྒྲུབ་སྟངས་སོགས་ཀྱི་སློབ་སྟོན་ཡང་ཞུས།  བླ་མ་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་ནང་མའི་བཀའ་སློབ་ཤིན་ཏུ་སྨར་བ་དང་ཉིད་ཀྱི་ངོས་འཛིན་གྱི་ཕྱག་བྲིས་ཞིག་ཀྱང་གནང་བའི་ནང་དོན་འདི་ལྟར། “ ༧ སྐྱེས་མཆོག་བསྟན་འཛིན་གཡུང་དྲུང་ནི་འདུལ་བའི་ཁྲིམས་གཙང་ཞིང་། བྱང་སེམས་ཀྱི་ཐུགས་རྒྱུད་བརླན་པ། གཞུང་ལུགས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་ཤེས་རབ་རྒྱས་པའི།  བླ་མ་བཀུར་ཆོག་པའི་རྟགས་ཐམ་བཅས། ལུང་རིགས་རྣམ་དག་གིས།།” ཞེས་སོ།།  དེ་དང་ཆབས་ཅིག་རང་དགོན་གྱི་ནང་རྟེན་བདེར་གཤེགས་གཙོ་བཞིའི་སྐུ་བརྙན་བཞེངས་པའི་གཟུངས་འཇུག་རྣམས་ཕུལ།  ཆུ་རྟ་ལོའི་དགུན་སྟོད་སྟེང་ཆེན་དགོན་དུ་ཡི་དམ་དབལ་ཕུར་ནག་པོ་དང་།  དྲན་པ་གསང་སྒྲུབ་གཉིས་ཀྱི་སྒྲུབ་ཆེན་ཚུགས་ཤིང་དེའི་ཉིན་དང་པོར་མཚན་ཉིད་དམ་བཅའ་བཞག་སྟེ།  ཕྱོགས་སོ་སོ་ནས་ཕེབས་པའི་དགེ་བཤེས་ཆེན་མོ་རྣམས་དང་རིག་སྨྲ་བ་དུ་མ་དང་མཉམ་དུ་གཞུང་ཆེན་ཁག་གི་བགྲོ་གླེང་འབུལ་བའི་སྐལ་བཟང་ཤར།  མཇུག་ཏུ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཀྱི་དྲུང་ནས་དབང་ཕུར་ནག་པོའི་དབང་ཆེན་ཡང་ཐོབ། ཆུ་ལུག་ལོའི་དགུན་ཁར་རྩ་བླ་ལུང་རིགས་རིན་པོ་ཆེ་ཞིང་ཁམས་སུ་ཕེབས་པ་ཐོས་པས་ཤིན་ཏུ་སྐྱོ་ཡང་རང་སེམས་རང་གིས་གསོ་བ་ལས་ཐབས་ནི་བྲལ།  རང་འཁོས་དང་བསྟུན་པའི་གདུང་འདབས་མཆོད་འབུལ་དང་།  གསོལ་བ་སྨོན་ལམ་སོགས་ཡང་ཡང་བྱས།  གང་ལྟར་གཙོ་བོ་བླ་མ་མཆོག་གིས་གནང་བའི་སྡོམ་པ་དང་ཐོབ་པའི་བོན་རྣམས་ཉམས་སུ་ཅི་ལོན་བྱེད་རྒྱུ་ལས་ཀུན་ཀྱང་མི་རྟག་སྒྱུ་མའི་ཚུལ་ཅན་ཡིན་ཕྱིར་འགྱོད་པ་གཅིག་པུས་ཅི་ཕན་སྙམ། ཤིང་སྤྲེལ་ལོའི་སོས་ཀར་རང་དགོན་གྱི་རྟེན་གསུམ་གྲས་ཁྱུང་པོ་ནང་ཆེན་གྲགས་པའི་གདུང་རྟེན་བཅུ་གསུམ་ལས་ཁྱད་འཕགས་དངུལ་སྐུ་དཀར་ཡུ་མ་ཞེས་པ་དུས་འགྱུར་སྐབས་རྒན་ཁྱུང་སྐྱབས་ཀྱིས་ཉར་ཚགས་ཐུབ་པ་དེ་ཉིད་རྟེན་དོད་བཀའ་འགྱུར་ཚར་གཅིག་ཁྱུང་སྐྱབས་ལགས་སུ་ཕུལ་ཏེ་དངུལ་སྐུ་རང་དགོན་དུ་གདན་འདྲེན་ཞུས། དབྱར་ཁར་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གངས་ལྗོངས་སུ་ཞབས་སོར་འཁོད་པ་དང་ལྷན་སྟེང་ཆེན་དགོན་དུ་ཆེད་ཕེབས་སྐབས་མཇལ་ཞུ་དང་གལ་ཆེའི་བཀའ་གདམས་ཀྱང་ཐོབ།  ཤིང་བྱ་ལོའི་སོས་ཀར་དམུ་གཡམ་འབོ་གསུམ་དང་།  ག་ཐ་སྟོད་སྨད།  སྒང་གསུམ།  དཔའ་བརྡ།  ཁྲོམ་ཚང་།  སྤུ་ལ་སོགས་སུ་སློང་མོ་ཞིག་སོང་ནས་བཀའ་བརྟེན་འགྱུར་ཆ་གཅིག་དང་།  འཕྲོ་རྣམས་རྩ་བླ་ཞིང་ཁམས་པ་དེ་ཉིད་གསོལ་འདེབས་དད་པའི་རྟེན་ལ་རང་དགོན་དུ་སྐུ་གདུང་ཞིག་མཆེད་གྲོགས་བསྟན་པ་དར་རྒྱས་ལགས་ནས་འགན་བཞེས་ཏེ་བཞེངས་གཏན་ཁེལ་བས་དེའི་རྟེན་རྩར་ཕུལ། དབྱར་ཁ་རྩེ་དྲུག་དགོན་དུ་ཞི་ཁྲོའི་ཁྲིད་འཆམ་ཆེན་མོ་ཚུགས་པས་དེའི་ཚོགས་སུ་ཞུགས།  དེར་ཕྱོགས་སོ་སོ་ནས་ཕེབས་པའི་མཚན་ཉིད་པ་རྣམས་དང་ཕན་ཚུན་གཞུང་ལུགས་ཁག་གི་དྭོགས་གནད་རིགས་བགྲོ་གླེང་བྱ་བའི་སྐལ་པ་ཡང་ཐོབ།  ཚོགས་པ་ཡོངས་ལ་མང་ཇ་སྐུ་འགྱེད་དང་དགེ་བཤེས་གསར་ཐོན་རྣམས་ལ་སྐལ་བཟང་ལེགས་སྐྱེས་ཕུལ།  དེར་ཁྲིད་འཆམ་དང་མི་ཚོགས་ཤིན་ཏུ་མང་བས་ངོ་མཚར་གྱི་མཇལ་ཁ་དང་ཡ་མཚན་གྱི་ལྟད་མོ་འགའ་ཞིག་ཀྱང་མཐོང་། ལོ་དེར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་ལྟོས་བཅས་ཁྱུང་ཡུལ་གྱི་བླ་གྲྭ་རྣམས་ཀྱིས་འཕྲུལ་རྟ་གཏོང་མི་རུང་བའི་གསུང་ཕྲིན་ཆེད་བསྩལ་ཕེབས་དོན་བཞིན་དགོན་གྱི་མཁན་སློབ་ལས་འཛིན་རྒྱས་འཛོམས་ཐོག་དེ་སྔོན་ཡང་འཕྲུལ་རྟ་ཆེར་གཏོང་མྱོང་མེད་ཁར་དེ་བཞིན་ཕྱིས་སུ་ཡང་མི་གཏོང་བའི་དམ་བཅའ་ཕུལ། དགུན་ཁའི་གུང་གསེང་དང་སྟབས་བསྟུན་བླ་མའི་སྐུ་གདུང་གི་ཆག་ཚད་སོགས་ཀྱི་དོན་དུ་གྲོགས་བསྟན་པ་དར་རྒྱས་དང་མཉམ་དུ་ཆབ་མདོར་སོང་། དགུན་སྨད་སྲིང་མོ་ཚེ་དཔག་གྲོངས་པས་དེའི་དགེ་རྫོངས་ཀུན་རིག་ལས་བཞི་འབྲི་འདོན་སོགས་བྱས། མེ་ཁྱི་ལོའི་སོས་ཀར་དཔོན་སློབ་སྐལ་བཟང་ཉི་མའི་བཀའ་ལྟར་མེ་མོ་ཡང་དབེན་རི་ཁྲོད་དུ་སྐུ་གདུང་མཆོད་རྟེན་དང་ལྷ་སྐུ་དུ་མའི་གཟུངས་འཇུག་འབུལ་བར་ཟླ་བ་གཉིས་ལྷག་ཙམ་སོང་།  དེ་སྐབས་དཔོན་སློབ་མཆོག་ནས་རི་ཁྲོད་དེར་སྡོད་དགོས་པའི་བཀའ་སློབ་སྤྱིར་བསྩལ་བྱུང་ཡང་གནས་སྐབས་ལས་དོན་གཞན་རྐྱེན་གྱིས་དེ་བཞིན་ཁས་ལེན་ཞུ་མ་ནུས། ལོ་དེའི་དབྱར་སྨད་དུ་དམ་པའི་སྐུ་གདུང་བཞེངས་གྲུབ་པས་དེའི་གཟུངས་འཇུག་ཕུལ་ཏེ་མཇུག་ཏུ་ཀློང་རྒྱས་དང་མངའ་དབུབ་བཀྲ་ཤིས་གཏེར་མཛོད་གཉིས་ཀྱི་སྒོ་ནས་རབ་གནས་ཀྱང་འཚོགས།  རྗེས་སུ་སྐུ་གདུང་གི་དཀར་ཆག་《དཔལ་ལྡན་བླ་མའི་གསེར་གདུང་མཐོང་གྲོལ་རིན་པོ་ཆེའི་དཀར་ཆག་མདོར་བསྡུས་སུ་བཀོད་པ་སྐལ་ལྡན་དང་བ་འདྲེན་པའི་དམིགས་བུ།》ཞེས་པ་བརྩམས་ཏེ་སྔ་རྗེས་སུ་ཞུ་བསྟན་འཛིན་གྲགས་པས་པར་སྐྲུན་གནང་བའི་《སྐུ་གསུམ་ཕུར་སྒྲུབ་》ཀྱི་སྒྲུབ་སྐོར་དང་《སྤུ་རྒྱལ་ཤེས་རིག་ཞིབ་འཇུག་》ཅེས་པའི་དེབ་དང་པོ་གཉིས་སུ་བཀོད། དགུན་སྟོད་དུ་གདོང་རྫོང་མཚམས་པ་ཞུ་དཔལ་ལྡན་བཟང་མོའི་སྐུ་གདུང་བཞུ་སར་ལས་བཞི་འདོན་དུ་སོང་སྟེ་གདུང་མཇལ་སྐབས་དམ་པ་ཉིད་ལ་གསོལ་འདེབས་ཤིག་ཀྱང་ཕུལ།  དགུན་ཁར་རྩེ་དྲུག་ཏུ་དགེ་བཤེས་ཀྱི་མཛད་སྒོར་ཡོང་དགོས་པའི་བརྡ་འབྱོར་བཞིན་དེ་ལྟར་ཞུས། མཆེད་གྲོགས་གཉན་རོང་བ་ཚུལ་ཁྲིམས་ཡེ་ཤེས་དང་།  བསྟན་འཛིན་རྣམ་དག་སོགས་ནས་བྱང་གཉན་རོང་ཁུལ་དུ་བོན་གྱི་ལྷ་སྡེ་མང་ཡང་ས་ཆ་ཁ་མཐོ་བ་སོགས་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་།  ཡུལ་གྱི་སྔོན་སྲོལ་ངན་པ་སོགས་ཀྱིས་ད་སྐབས་བཤད་སྒྲུབ་བསྟན་སྲིད་ཤིན་ཏུ་ཉག་ཕྲ་བར་བརྟེན་ཡུལ་དེའི་ཆབ་མདོ་དགོན་ཏུ་ཁྲི་འཛིན་བླ་མ་ཚུལ་ཁྲིམས་ནོར་བུ་སོགས་ཀྱི་བཞེད་དགོངས་ལྟར་བཤད་སྒྲུབ་གང་རུང་ཞིག་འཛུགས་འཆར་ཡོད་པས་དེའི་དགེ་རྒན་དུ་འགྲོ་དགོས་པའི་རེ་འདུན་བཞིན་རྗེས་སོར་གོ་སྐབས་འདྲ་བྱུང་ན་དེ་ལྟར་ཆོག་པར་ཞུས།། 

༼༢༠༠༧༽མེ་ཕག་ལོའི་དཔྱིད་ཀར་དགོན་འདིར་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་མཛད་བཞིན་པའི་སྐབས་སུ་ཁེལ་བས་བླ་མའི་བཀའ་ལྟར་རྫོགས་ཆེན་ལྟ་བ་ཐོག་འབེབས་སོགས་པུ་སྟི་འགའ་ཞིག་རང་སློབ་ཀུན་ཁྱབ་རྒྱལ་མཚན་སོགས་དང་མཉམ་དུ་ཐེངས་དང་པོའི་ཞུ་དག་གི་བྱ་བར་ཞུགས། དེ་མཚམས་རྒན་དགེ་བཤེས་ཀུན་བཟང་རྒྱལ་མཚན་གྱི་མདུན་ནས་སྐར་རྩིས་སྔོན་འགྲོ་ནས་བཟུང་།  ལྔ་བསྡུས་དང་།  གཟའ་ལྔ།  རྩིས་འགོ་སྤོ་ཐབས།  དུས་གཟེར་སོགས་ཟླ་བ་གཅིག་ལྷག་ཙམ་སྦྱངས་ཏེ་དཀའ་གནད་ཀྱི་རིགས་རྣམས་ཟིན་ཐོར་བཏབ།།

༧ ཁྱུང་དཀར་བསྟན་གླིང་ལྷ་ཡི་ལམ་ཡངས་ངོགས།།

བཤད་སྒྲུབ་འདུས་གྲྭ་རྒྱུ་སྐར་འབུམ་བདལ་དབུས།།

མཁན་སློབ་ཉི་ཟླའི་འོད་སྣང་གཡོ་བའི་གཟིས།།

སྐྱེ་དགུ་རྫོགས་ལྡན་དཔལ་ལ་འགོད་པ་བཞིན།།

 

༧ རང་དོན་ཐོས་བསམ་སྒོམ་པའི་ཆ་རྐྱེན་ལེགས།།

གཞན་དོན་འཆད་རྩོད་རྩོམ་པའི་ཁོར་ཡུག་བཟང་།།

ཕན་ཚུན་རྟེན་འབྱུང་གཅིག་ཕན་གཅིག་གྲོགས་སུ།།

མི་ཚེའི་རིན་ཐང་ངོམ་པའི་གར་སྟེགས་ཤིག།

ཅེས་བར་སྐབས་ཚིགས་སུ་བཅད་པའོ།།

 
 
Re:མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་དགུ་པ།༽
[ 2013/1/25 22:29:06 | By: སྐུ་མགྲོན་LPGs3W(སྐུ་མགྲོན) ]
 
སྐུ་མགྲོན་LPGs3W(སྐུ་མགྲོན)བམ་ཀློག་བྱས་པ་ནི་དཔེ་ཀློག་གི་གོ་མི་ཆོད་པས། རྗེས་ནས་ཞིབ་ཀློག་བྱ་སྟེ་དཔྱད་འདོམས་གནང་རོགས།
 
 
Re:མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་དགུ་པ།༽
[ 2013/1/25 14:40:29 | By: danzengyixi ]
 
danzengyixi


བམ་ཀློག་ཙམ་མ་གཏོགས་དུས་ཚོད་འདང་མ་སོང་།
དེ་སྔོན་སྤེལ་བ་དག་བཀླགས་ཟིན།
འདས་ཟིན་པའི་དུས་ཚོད་ནང་ལ་ཕེབས་རྗེས་ལ་འོད་ལམ་ལམ་མངོན་འདུག་པས་མུ་མཐུད་ནས་ཡར་ངོས་ཟླ་ལྟར་འཕེལ་བའི་རེ་སྨོན་ཡོད་དོ། །
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.