ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ།༼ཁག་གསུམ་པ།༽
[ 2013/1/11 18:46:00 | By: ཁྱུང་གསེར་ཞུན། ]
 

༧ གཉིས་པ་གང་ལས་སྐྱེས་པ་ཕ་མའི་སྐོར།། 

སྐྱེད་བྱེད་ཕ་ཡི་རིགས་ནི་རྩིས་གཞུང་སྣང་སྲིད་མེ་ལོང་ལས།  མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས།  །འགྲུ་རིགས་ཡིན་ཏེ་གཡག་ལ་བླ།  །ཞེས་གསལ་བ་ལྟར་སྤྱིར་ན་བོད་ཀྱི་རུས་ཆེན་སྡེ་ལྔ་༼སྒ།  སྒོ། གདོང་།  དབྲ།  འགྲུ་ལྔའོ།༽ལས་འགྲུ་རིགས་ཡིན་པ་ནི་ཁོ་བོའི་རུས་རྒྱུད་ཀྱི་བླ་རྟགས་སྔ་མོ་ནས་གཡག་ལ་བྱེད་སྲོལ་ཡོད་པ་འདིས་ཤེས་ནུས། བྱེ་བྲག་རུས་མིང་ལ་མུ་པ་ཟེར་༼འདི་ལ་སྒྲ་མཚུངས་སུ་མོན་པའམ་མུན་པ་ཞེས་འབྲི་ཚུལ་འདྲ་མིན་སྣང་།༽ཞིང་དེ་ནི་མི་རྒྱུད་འདི་ཡི་གྲོལ་ཁུངས་ལྷོ་མུ་ཁྱིམ་བདུན་པ་ནས་བྱུང་ཞེས་རྒན་རབས་ཀྱི་ངག་སྒྲོས་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པ་ཡིན་ལ་དེ་ཡང་འདོད་རྒྱལ་ལམ་རྒྱུ་མཚན་གང་ཡིན་རེ་ཞིག་གསལ་བཤད་དཀའ་བས་ད་དུང་དཔྱད་གཞིར་བཞག  སྤྱིར་ན་མི་རང་གི་ཕ་ཡུལ་དང་། སྐྱེས་ཡུལ་དང་།  མིང་དང་། བྱ་བ་དང་།  བྱད་དབྱིབས་སོགས་ཀྱི་མིང་རུས་ལ་ཐོགས་པ་མང་དུ་སྣང་བས་རུས་རྒྱུད་བཤད་པ་ལ་གཙོ་བོ་གྲགས་ཚོད་ཉིད་ལས་དཔྱད་བཟོད་ཅུང་དཀའ་ཙམ་ཡོད་པར་སྙམ།   གང་ལྟར་ཡང་མུ་པའི་རུས་རྒྱུད་འདི་སྔ་མོ་ཞིག་ནས་ཡུལ་འདིར་ཡོད་ངེས་པ་ནི་ཞུ་ཚང་དགོན་ཐོག་མར་ཆགས་དུས་སུ་ཞུ་ཁ་ལྟ་དུད་བདུན་༼བ་སྟག་གྱུ་མུ།  ལ་སྤྱི་གེ་གསུམ་ཞེས།  བ་འོ། སྟག་དབེན། གྱུ་བ། མུ་པ། ལ་ཁ། སྤྱི་ཚང་། གེ་བཀྱག་དང་བདུན་ནོ།༽ཞེས་རྩ་བའི་དགོན་ཞབས་ལྷ་སྡེ་མི་ཚང་བདུན་ཙམ་ཡོད་པའི་གྲས་སུ་མུ་པ་ཚང་ཡོད་པས་ཀྱང་ཤེས་ཐུབ་པ་འདུག  རྗེས་སོར་མུ་པའི་དུད་ཚང་འགའ་ཞིག་འཕེལ་ཡོད་ཀྱང་ཞུ་ཁ་ལྟ་དུད་བདུན་གྲས་ཀྱི་མུ་པ་ཚང་ནི་ཁོ་བོའི་ཕ་ཁྱིམ་སྟེ་བརྡ་གཞུང་དུ་ཡོད་པའི་མུ་པ་ཞྭ་ཁྲ་ཐང་བ་དེ་ཡིན། 

                                        ༄༅།། མུ་པ་ཞྭ་ཁྲ་ཐང་བ།།

ཁྱིམ་རྒྱུད་དེ་རུ་མི་རབས་ཇི་ཙམ་སོང་བ་དང་དེ་དག་སྐབས་སུ་མི་སྣ་གང་འདྲ་བྱུང་བ་སོགས་ནི་དཔྱད་གཞི་དཀོན་སྟབས་མཐའ་དག་བཤད་དཀའ་ཡང་ཁོ་བོའི་ཡང་མེས་ལ་མུ་པ་ཚེ་རྒྱལ་ཟེར།  དེ་དུས་ཁྱིམ་གཞིས་དཔའ་ནང་དབང་ལྷས་ཐང་དུ་ཡོད་ཀྱང་དེར་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་ཁྱིམ་མཚེས་ཤིག་དང་ཅུང་འགྲིག་མིན་གྱི་རྐྱེན་ལ་བརྟེན་བརྡ་གཞུང་ཞྭ་ཁྲ་ཐང་དུ་གནས་གཞི་བཟུང་། ཁོང་གི་སྲས་ཁོ་བོའི་མེས་པོ་མུ་པ་སྤྲུལ་སྐུའམ་སྨོན་ལམ་གཡུང་དྲུང་དང་། བུ་མོ་བསོད་ནམས་སྐྱིད་དང་། བདེ་སྐྱིད་གཉིས་བཅས་བྱུང་། སྤྲུལ་སྐུ་ནི་མེ་སྟོན་གྲུབ་དབང་སྨོན་ལམ་རྒྱལ་མཚན་དང་། མཚམས་རྒན་གཡུང་དྲུང་རྒྱལ་མཚན་༼མུ་པ་རི་སྐྱབས་སམ་རྗེས་སུ་མཚམས་རྒན་གཡུང་དྲུང་རྒྱལ་མཚན་ཞུ་བའི་རྟོགས་ལྡན་ལྟ་སྤྱོད་ཁྱད་པར་འཕགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ་བརྡ་ཕུའི་རི་ཁྲོད་དང་ཞུ་ཚང་དགོན་གཉིས་ཆར་བསྟན་པའི་དགེ་སྡོང་ཡང་རྒྱ་ཆེར་མཛད་པར་ཡོངས་སུ་གྲགས།༽གྱི་དངོས་སློབ་དང་།  སྔོན་ཡུལ་འདིར་གར་རྩ་སློབ་དཔོན་ཞེས་པའི་བླ་མ་མཁས་གྲུབ་གཉིས་ལྡན་ཞིག་ཡོད་འདུག་པ་དེའི་སྤྲུལ་སྐུ་ཡིན་པར་བཤད།  གང་ལྟར་ཡུལ་དུས་དང་བསྟུན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན་པ་ནི་ཐུན་མོང་གི་རིག་གནས་སྨན་རྩིས་གཏོ་བཅོས་སྐོར་དང་།  ཐུན་མིན་ཡི་དམ་བསྙེན་སྒྲུབ་ལ་བརྟེན་ནས་ནད་གཅོད་གདོན་འདུལ་སོགས་ངོ་མཚར་ཆེ་རབས་མང་དུ་ཐོས་ཀྱང་དེ་ཙམ་བྱས།  མདོར་ན་དཔའ་བརྡའི་སྡེ་དགོན་གཉིས་ཆར་བོན་ཕྱོགས་ཀྱི་མཛད་ཕྲིན་རབ་དགའ་བསྐྱངས་ཡོད་པ་ནི་གོར་མ་ཆགས།  ཉིད་ཀྱི་བཀའ་རྩོམ་སྐོར་ལ་གེ་ཁོད་ཀྱི་ལས་མཐའ་ཀུན་ཚང་པའི་ཟིན་བྲིས་དང་། བྱང་དམར་ལུགས་ཀྱི་འདུར་ཟིན། ཡུལ་ས་ཁམ་ཟེ་དང་། རི་ཚང་། ཚ་ཕུའི་བྲག་དམར། ལྟག་ལུང་སྨན་བཙུན་མཆེད་ལྔའི་གསོལ་ཁ་སོགས་ཡོད་པར་ཐོས་ཀྱང་རིག་གསར་དུས་ངན་གྱིས་བཅོམ་པས་ད་ལྟ་མིང་གི་ལྷག་མར་གྱུར།  གཞན་ཡོལ་གཞུང་གི་ཡུལ་ལྷ་བྲག་བཙན་འཁྲོས་པ་མི་གཟན་གྱི་གསོལ་མཆོད་ཅིག་དང་།  ཡུལ་འདིར་དར་སོ་ཆེ་བའི་ཀུན་རིག་ལས་བཞིའི་འདོན་ཟིན་རྒྱས་པ་ཞིག་བཞུགས་འདུག་པ་འདི་ལ་དཔྱད་ན་སྐབས་དེ་དུས་ཀྱི་ཀུན་རིག་ཟིན་བྲིས་ནང་ནས་ཆ་ཚང་ཤོས་དང་ཁ་གསལ་ཤོས་ཡིན་པར་མ་ཟད་ད་སྐབས་ཀྱང་ཁུལ་འདིར་དེའི་ཕྲིན་ལས་རྒྱས་བཞིན་འདུག  འོན་ཏེ་དེའི་དབང་གི་སྤ་མདེལ་གཏོང་ལུགས་དང་སྨད་ཆོག་གཏོར་འབུལ་སྐོར་གཞན་དང་མི་འདྲ་བའི་རྒྱས་པོ་ཞིག་ཡོད་འདུག་ཀྱང་ཇི་བཞིན་ཕྱག་ལེན་ཐུབ་མཁན་ད་སྐབས་མེད་དམ་སོགས་ད་དུང་ཤེས་པར་བྱ་བ་འགའ་ཞིག་ལྷག་ཡོད་སྙམ།   ཁོང་གི་རྟེན་གསུམ་གྲས་ནས་དུས་འགྱུར་སྐབས་ཉར་ཚགས་བྱུང་རིགས་ལས་མཁའ་འགྲོ་པདྨ་དཔལ་སྒྲོན་གྱི་དབུ་ཐོད་དུ་གྲགས་པ་ཡུལ་མི་བཀྲ་ཤིས་ནོར་བུས་ཁོ་བོར་སྤྲད་བྱུང་ལ།  ཕྱག་ཆ་རྐང་དུང་ཞིག་ཀྱང་བགྲེས་སོང་ཚེ་དར་གྱིས་སྤྲད་བྱུང་།  ཟེར་སྒྲོས་སུ་དེ་རྒྱ་གར་ཨ་ཙ་རའི་རྐང་དུང་ཡིན་ལ་སྔོན་སྤྲུལ་སྐུའི་ནང་ཆས་འགའ་ཞིག་རྐུ་ལ་ཤོར་སྐབས་རྐང་དུང་དེ་ལ་བརྟེན་ནས་རྩད་ཆོད་བྱུང་རབས་སོགས་ཀྱི་ཆེ་བཤད་ཀྱང་བྱེད་རྒྱུ་འདུག  བསོད་ནམས་སྐྱིད་སྤོ་ཡི་རྒྱལ་རུ་ཚང་དུ་སོང་བས་བུ་ནོར་རྩེ་དང་། རྒྱལ་མཚན། ༼རྒྱལ་གཡང་སོགས་ཀྱི་ཕ།༽ སྤ་ལོ། བུ་ཆོ། རྒྱལ་སྦོ། ༼པ་སངས་ཀྱི་ཕ།༽ ཡོན་འབྱུང་། བུ་མོ་རིན་ཆེན་ཆོས་སྒྲོན། ༼ཡུག་ལྕམ་པ་ཚང་དུ་སོང་བས་བུ་ཁྱུང་སྐྱབས། བསྟན་འཛིན་དབང་གྲགས། འབྲུག་རྒྱལ། དར་རྒྱས། སྤ་བུ། བུ་མོ་གཉིས་བཅས་བྱུང་།༽ མདོ་སྒྲོན། ༼ཁྲོམ་ཚང་ཚྭ་ཆུ་ཁ་ཨ་མྱག་ཚང་ལ་སོང་།༽ རིག་དགའ་༼ཁྲོམ་ཚང་ཝག་ཏིང་ཚང་ལ་སོང་།༽བཅས་བྱུང་། བདེ་སྐྱིད་དཔའ་ནང་གར་རྩ་ཚང་དུ་སོང་བས་བུ་མོ་སྤི་དགེ་བྱ་བ་བྱུང་། སྤྲུལ་སྐུས་ལྕམ་གེ་ནང་ལྟག་ལུང་དབྱར་མཚེར་ཁ་ནས་ཀླུ་མོ་ཞེས་པ་ཞིག་བཞེས་ཀྱང་དེ་ལ་བུ་རྒྱུད་མ་བྱུང་། ༼ཀླུ་མོ་ལ་བུ་ཉོར་དགའ་དང་ཀླུ་འདེ་གཉིས་བྱུང་ཡང་ཕ་གཞན་ཡིན།༽ རྗེས་སུ་ལུ་དབྱིང་བཟའ་ནོར་སྒྲོན་བཞེས་པ་ལས་བུ་ཆེ་བ་འཇམ་དཔལ། ༼སྟག་དབེན་ཚང་དུ་སོང་བས་བུ་བསོད་དཔེ་དང་། དཔལ་བཟང་གཉིས། བུ་མོ་བསོད་ནམས་དབང་མོ་བཅས་བྱུང་།  དཔལ་བཟང་ལ་བུ་བཀྲ་ཤིས་ཟླ་བ་དང་། བཀྲ་ཤིས་ཉི་མ།  དུང་ཟླ་བ།  བསྟན་འཛིན་མཆོག་ལེགས།  ཚེ་རིང་བསོད་ནམས།  སྐལ་བཟང་དཔལ་ལྡན།  བུ་མོ་སྒྲོན་ཕྱུག་དང་།  དུང་ཐར་མོ་སོགས་བྱུང་།༽ འབྲིང་བ་ཚེ་དབང་འབུམ་གྲགས། ༼འདོན་ཆོག་ལ་མཁས་ཤིང་བུ་བསོད་བཀྲ།  དེ་ལ་བུ་ཡར་འགྲོ་དང་།  བུ་མོ་ཚེ་སྒྲུབ་ལྷ་མོ།  དཀོན་མཚོ།  བསོད་ལྷ་བཅས་གསུམ་བྱུང་།༽  ཆུང་བ་མདོ་སྔགས།  ༼རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་སྐྱེས།  གཤེད་འདུལ་དང་། དབལ་ཆུ། རྫ་འཛབ། གཏོ་བཅོས། ཀུན་རིག་ལས་བཞི་སོགས་ཡུལ་དུས་དང་བསྟུན་པའི་བཅའ་འདོན་སྐོར་ལ་མཁས་ཤིང་ཁོ་བོའི་སྐྱེད་བྱེད་གང་དེའོ། ༽ བུ་མོ་ནོར་མཚོ།  ༼རོང་པོ་རྡོ་ཀོང་ཚང་དུ་སོང་བས་བུ་བསོད་ནམས་དབང་གྲགས་དང་རྒྱ་ཐར་གཉིས།  བུ་མོ་ཚེ་རིང་སྲི་ཐར།  བསོད་ནམས་དབང་གྲགས་ལ་བུ་དགེ་འདུན་དང་།  བློ་བཟང་གཉིས།  བུ་མོ་ཀླུ་རྒྱལ་དང་།  རི་རྒྱལ་གཉིས་བྱུང་།  རྒྱ་ཐར་ལ་བུ་རྒྱལ་བསྟན་དོན་འགྲུབ་དང་།  མཚོ་རྒྱལ།  ཨ་འཛིན་དང་གསུམ།  བུ་མོ་དར་མཚོ་དང་།  ཡར་གཡང་མཚོ་མོ། ག་འཛོམས་དང་གསུམ་བྱུང་། ཚེ་རིང་སྲི་ཐར་ལ་བུ་རྒྱལ་བསྟན་དང་། ནོར་རྒྱལ་གཉིས། བུ་མོ་བསོད་ནམས་དཔལ་སྒྲོན་བཅས་བྱུང་།༽  གཡང་མཚོ་ ༼དབེས་སྟོད་ཁྱུང་པོ་བླ་བྲང་དུ་ཁྱུང་པོ་སྟག་རྒྱལ་གྱི་སྐུ་ཟླར་སོང་བས་སྲས་ཁྱུང་པོ་ཚེ་དབང་རྣམ་རྒྱལ་དང་། གཟུངས་ཐར། ཟླ་གྲགས།   སྲས་མོ་ཀླུ་ཕྱུག་བཅས་བྱུང་།  གཟུངས་ཐར་ལ་སྲས་ཨ་བུ་དང་།  གོང་འཕེལ་གཉིས་བྱུང་།༽བཅས་མིང་སྲིང་བཞི་ཙམ་བྱུང་ངོ་།།  སྨིན་བྱེད་མ་ཡི་རིགས་ནི་ཁུལ་འདིར་སྔ་མོ་ཞིག་ནས་ཞུ་དམར་༼འདི་ལ་རྨ་འམ།  སྨར།  དམར་ཞེས་འབྲི་ཚུལ་འདྲ་མིན་སྣང་ཡང་འདིར་བོད་ཀྱི་རུས་རྒྱུད་རྙིང་པར་དམར་ཞེས་པ་ཞིག་སྣང་བས་དེ་བཞིན་བྱས་པས་བརྟག༽ཁྲོམ་གསུམ་དུ་གྲགས་པའི་རུས་མིང་སྡེ་ཤོག་ལ་ཐོགས་པའི་དམར་རུའི་རིགས་ཏེ། དེ་ལས་དམར་རུའི་རིགས་རྒྱུད་དུ་མ་ཞིག་འཕེལ་བ་ལས་དཔའ་བརྡའི་གེ་རིང་ཁ་ཡི་དམར་རུའི་རིགས་སུ་དམར་རུ་སྐྱིད་རྒྱལ་དང་། གཡང་ལྷུག ༼དེང་དམར་ཆེན་ཚང་།༽བཟང་པོ་༼འདི་ལས་བེའུ་ཆེན་དམར་རུ་གྱེས།༽གསུམ་བྱུང་། སྐྱིད་རྒྱལ་བུ་དམར་རུ་འགུ་དྲག ཡང་སྐྱིད་རྒྱལ་དང་དུས་མཉམ་དུ་དམར་རུ་དཀར་གཡང་༼འདིའི་ཕ་གང་ཡིན་མ་གསལ་རུང་གཡང་ལྷུག་དང་བཟང་པོ་གཉིས་གང་རུང་གི་བུ་ཨེ་ཡིན་སྙམ།༽བྱ་བ་བྱུང་ཞིང་དེའི་སྐུ་ཟླ་འབྲིང་རྒྱུད་བཟའ་བཟང་མོ་གཉིས་ཀྱི་བུ་དམར་རུ་དབང་ལྡན། དབང་ལྡན་འགུ་དྲག་གཉིས་ཀྱི་སྐུ་ཟླ་རྒྱང་གཞུང་ནས་གྲུ་བཟའ་བཀྲ་ཤིས་དཔལ་འཛོམས་བཞེས་པ་ལས་འགུ་དྲག་གི་བུ་དགེ་སློང་འཕགས་ནོར་༼རོང་པོ་རབ་བརྟན་དགོན་དུ་བན་དེ་བུ་ཁྲལ་སོང་ཞིང་དགོན་དེའི་སྒྲིག་ལམ་སློབ་སྦྱོང་སོགས་ཚུལ་བཞིན་བསྒྲུབས་པས་དགོན་པས་ཕྱི་ནས་བསྡུས་པའི་གྲྭ་ཁྲལ་ཀུན་ལས་ཁྱད་པར་འཕགས་ཤིང་མི་སྟོང་ཕྲག་གཅིག་ལས་དགའ་བས་སྟོང་རྡོ་རག་ཡུ་ཞེས་ཆེ་མིང་འབོད་པ་བྱུང་ལ་གང་ལྟར་རོང་པོ་སྡེ་དགོན་གཉིས་ཀར་ཕན་ཐོགས་ཆེ་བའི་དགེ་སློང་མཐར་ཕྱིན་པ་ཞིག་སྟེ་ངོས་ལ་ཡང་དྲིན་ཆེ།༽དང་།  བུ་མོ་ག་སྨན་༼བུ་བསོད་ཚོགས་དང་ཉི་མ་གཉིས་བྱུང་། དེ་གཉིས་ལས་བུ་གཡུང་དྲུང་དང་། འཆི་མེད། འབྱུང་ནོར་གསུམ། བུ་མོ་ནོར་མཚོ་དང་། ཨ་གཡང་གཉིས། ༽གཉིས། དབང་ལྡན་གྱི་བུ་གཡང་མེར་༼བུ་ཨ་ཐར་དང་བུ་མོ་གཡང་དཀར་སྒྲོན་མ་གཉིས། ཨ་ཐར་ལ་བུ་ཚེ་རིང་ཉི་མ་དང་།  བསོད་ནམས་ཡོན་ཏན།  བཀྲ་འགྱུར།  བཤད་སྒྲུབ། བུ་མོ་ཚེ་རིང་དབང་མོ།  བསོད་ནམས་སྒྲོན་མ་གཉིས།  གཡང་དཀར་སྒྲོན་མ་ལ་བུ་ཚེ་དབང་ལྷ་རྒྱལ་དང་། བུ་ལོ་ལོ།  བྱམས་པ་རྒྱ་མཚོ། བཀྲ་ཤིས་རྣམ་རྒྱལ་དང་གསུམ། བུ་མོ་བཀྲ་ཤིས་སྒྲོན་མ།  བདེ་འཛོམས།  ཨ་སྤྲུག  སྒྲོན་མ་གཡང་མཚོ།  བུ་མོ་ཆུང་བ་གཅིག་བཅས།༽དང་།  བུ་མོ་ཨ་ཏིང་གཉིས་ལས་ཨ་ཏིང་ནི་ཁོ་བོའི་སྨིན་བྱེད་གང་ཉིད་དོ། དེ་ལྟར་རང་གི་སྐྱེད་སྨིན་གཉིས་ལ་བུ་ཆེ་ཆུང་གསུམ་བྱུང་བ་ལས། ཆེ་བ་ནི་བྱིས་པ་ཆུང་ངུའི་དུས་ནས་ཚེ་མ་ཟིན།  འབྲིང་གེ་ཁོད་སྐྱབས། ༼རབ་བྱུང་༡༦པའི་ས་བྱ་ལོར་སྐྱེས་ཤིང་ཞུ་རུ་བཟའ་ཕྱུག་གཡང་གཉིས་ལས་བུ་སྤེན་པ་བཀྲ་ཤིས་དང་།  བུ་མོ་བཀྲ་ཤིས་སྒྲོན་མ་བྱུང་།༽ གེ་ཁོད་སྐྱབས་སྲི་བུ་ཡིན་པས་ཕ་ཡིས་ཡི་དམ་གེ་ཁོད་ཀྱི་རྫ་འཛབ་སོགས་ཀྱི་རིམ་གྲོ་བསྒྲུབས་ཏེ་མིང་ཡང་དེ་ལྟར་བཏགས་པར་གྲགས།  ཆུང་བ་བདག་དང་གསུམ།

                         བགྲང་བྱ་ཞེ་གཅིག་སྐབས་ཀྱི་འདྲ་པར།

ཁོ་བོའི་མ་སྔོན་ཧོར་མི་ཞིག་དང་འཚོས་པ་ལས་བུ་མོ་ཚེ་དཔག་བྱ་བ་བྱུང་ཞིང་རྗེས་སུ་གྱུ་བ་ཚང་དུ་སོང་བས་བུ་ཆེ་བ་བསོད་ནམས་ཚེ་དབང་དང་། ཆུང་བ་སངས་རྒྱས་རྒྱ་མཚོ་གཉིས།  བུ་མོ་ཆེ་བ་ཞིག་དང་།  ཆུང་བ་བཀྲ་ཤིས་ལྷ་མོ་གཉིས་བྱུང་། ཁོ་བོའི་སྲིང་མོ་གཞན་ཞིག་ནི་ཕ་རོང་པོ་རེ་ཤོད་དུ་བུད་མེད་ཅིག་དང་འབྲེལ་བ་ལས་བུ་མོ་དུང་མཚོ་ཞེས་པ་བྱུང་ཞིང་དེ་ལ་བུ་ཚེ་དགའ་དང་། སྐལ་ཟླ་བ། ཀུན་དགའ་བོ། སྟོབས་འབྱོར། རིན་ཆེན།  བུ་མོ་དར་འཛོམས། ཨ་འཛོམས། ཀླུ་གཡང་བཅས་ཡོད། ཁོ་བོའི་སྐྱེད་བྱེད་ཀྱི་ཕ་ཁྱིམ་གོང་གསལ་བརྡ་གཞུང་མུ་པ་ཚང་ནས་ཡིན་ཀྱང་རྗེས་སོར་སྐུ་ཟླ་དང་མཉམ་དུ་གེ་རིང་ཁའི་དམར་རུ་ཚང་དུ་ལོ་ཤས་བཞུགས་པས་དེ་སྐབས་བོད་རབ་བྱུང་༼༡༦༽པའི་ཆུ་བྱི་ལོ་དང་སྤྱི་ལོ་༼༡༩༧༢༽ལོར་ཁོ་བོ་དེར་སྐྱེས་པར་གྲགས་ལ་ཞིབ་ཕྲའི་ཟླ་དུས་སོགས་ནི་མ་ཤེས་སོ། །

 ཕ་དང་ཁུ་བོ་ཨ་མྱེ་ཡང་མྱེ་སོགས།།

མ་ཡི་ཕྱོགས་ལའམ་དེ་བཞིན་རིགས་བསྒྲེས་ན།།

དང་པོའི་མཐའ་ཞེས་སུས་ཀྱང་དཔོག་དཀའ་ཕྱིར།།

གང་ཤེས་གླེང་འདིར་རིན་ཐང་ཅུང་ཡོད་སྙམ།།

 

 སྔོན་བསགས་བསོད་ནམས་བྱེ་བའི་ཉེར་ལེན་དང་།།

བདག་རྐྱེན་རིགས་ལྡན་ཕ་མའི་མཐུན་སྦྱོར་ལས།།

ཉེར་ལྔའི་རྟེན་མཆོག་ཨུད་འབར་གསར་པ་ཞིག།

ཁམས་ལྗོངས་རྔུལ་རྫའི་སྒང་དུ་ལེགས་པར་བལྟམས།།

 

ཞེས་ཀྱང་བར་སྐབས་ངལ་གསོའི་ཚིགས་སུ་བཅད་པའོ།།

 

 

 
 
Re:མི་ཚེའི་བྱུང་རབས་རྣལ་མ།༼ཁག་གསུམ་པ།༽
[ 2013/1/11 20:00:57 | By: སྐུ་མགྲོན་wb61Ui(སྐུ་མགྲོན) ]
 
སྐུ་མགྲོན་wb61Ui(སྐུ་མགྲོན)རུས་ཆེན་མོ་སྒ་རིགས་ལ་བསྐྱེལ་ནས། །དོན་དབེན་པའི་མི་ཚེའི་བྱུང་རིམ་གླེང་། ཧེ་ཧེ་ཧེ་་་
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
སྒ་རིགས་སྒོ་རིགས་སུ་ཡིན་དེ་ཙམ་མི་གཙོ་རུང་སྤྱིར་ན་མི་རང་རང་གི་རིགས་རུས་སོགས་ལོ་རྒྱུས་ཤེས་རྒྱུ་དང་དེ་དག་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་འགོད་ཐུབ་རྒྱུ་ནི་ལྟོ་རྒྱབ་དང་ནོམ་པ་ཙམ་མ་ཡིན་པར་མི་རིགས་རང་གི་ཤུལ་བཞག་གི་རིག་གནས་གལ་ཆེན་ཞིག་ཡིན་ལགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.