དེའི་གཅུང་པོ་མཐའ་ཞུ་འོད་ཟེར་མཐར་རྒྱས། ཆུ་བྱི་༡༩༧༢ལོར་སྐྱེས་ལོ་བདུན་ནས་འབྲི་ཀློག་སོགས་ཡབ་ཀྱི་སློབ་པ་མཛད། ལོ་བཅུ་པ་ལྕགས་བྱ་ལོར། འཇའ་ལུས་པ་གཙུག་ཕུད་འོད་གསལ་མཆོག ཡབ་ཀྱི་རང་ཁྱིམ་དུ་གདན་དྲངས་ནས། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ངག་འདོན་དང་། ཀུན་བཟང་སྙིང་ཐིག་བཅས་ཀྱི་ཁྲིད་དང་། བྱམས་མ་སྔགས་བསྟོད་དང་དབལ་གསས་ཀྱི་ལུང་། ཚེ་དབང་བོད་ཡུལ་མའི་དབང་བཅས། གསང་བའི་ངང་ནས་ཞུས་པ་རྣམས། ཡབ་དང་ལྷན་དུ་ཐོབ། ལོ་བཅུ་གསུམ་པ་བྱི་ལོར། སྟེང་ཆེན་དགོན་གྱི་མཁན་པོ། རྒྱ་མཚོ་ནོར་བུ་དང་། ཚུལ་ཁྲིམས་གཡུང་དྲུང་རྣམ་གཉིས། ཡབ་པད་མ་ཀུན་ལེགས་ཀྱི་མདུན་ནས། ཨ་ཁྲིད་ཀྱི་སྔོན་འགྲོའི་གསོལ་འདེབས་དང་། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་ངག་འདོན། འབུམ་དགུའི་སྒོམ་རིམ་བཅས་ཀྱི། ཁྲིད་ལུང་ཞུས་པ་རྣམས་ལྷན་དུ་ཉན་ནས། དཔྱིད་དབྱར་སྟོན་གསུམ་ལ་ནོར་རྫི་འགྲོ་ཞོར་དང་། དགུན་རིང་ཆེད་དུ་བསྡད་ནས། སྔོན་འགྲོ་བསགས་སྦྱོང་བྱས་ལོ་བཅུ་བཞི་པ་ཤིང་གླང་ལོར་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ། ཁྲ་དགོན་མཁན་པོའི་དྲུང་ནས། ཡབ་དང་ལྷན་དུ། ཤར་རྫའི་མཛོད་ལྔའི་ཁྲིད་ལུང་དང་། བདེར་འདུས་དང་སྐུ་གསུམ་རང་ཤར་གྱི་སྒོ་ནས། རྫོགས་ཆེན་དབང་བཞི་ཐོབ། ལོ་བཅོ་ལྔ་མེ་སྟག་ལོར། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མདུན་ནས། ལེགས་བཤད་ལམ་རིམ་དང་བཀའ་རྒྱུད་སྐོར་བཞི། སྙ་ཆེན་ལི་ཤུའི་བླ་སྒྲུབ་བཅས་ཀྱི་ཁྲིད་ལུང་དང་། རྣམ་དག་དང་ཀློང་རྒྱས་སོགས་ཀྱི་དབང་ཐོབ། ལོ་དེར་རྩེ་དྲུག་ཏུ་བླ་མ་རིན་རྒྱལ་གྱི་མདུན། སྐྲ་ཕུད་ཕུལ་ནས་སོ་ཐར་གྱི་སྡོམ་པ་ཞུས་པས། མཚན་འོད་ཟེར་མཐར་ཡས་ཞེས་གནང་། ལོ་བཅུ་དྲུག་པ་མེ་ཡོས་ལོར་དཔྱིད་ཀར། མཁན་པོ་གཙུག་ཕུད་ཚུལ་ཁྲིམས་མདུན་ནས། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ཞུས་ནས། སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་འཕོ་བ་བཅས་སྦྱོང་། སྐུ་གསུམ་རང་ཤར་ཀྱི་ཁྲིད་ཞུས་ཏེ་སེམས་ཁྲིད་སྦྱོང་། ཀུན་བཟང་སྙིང་ཐིག་གི་ཁྲིད་ཞུས་ཏེ། ཕྱི་ནང་འཁོར་འདས་རི་ཤན་སོགས་སྦྱོང་། ལོ་དེའི་བོད་ཟླ་བརྒྱད་པར། རི་ཁྲོད་དགོན་དུ་བསྒྲིགས་ལ་ཞུགས་ཏེ། བླ་མ་རྣམ་ལྷ་རིན་པོ་ཆེའི་དྲུང་ནས། ཡབ་སྲས་སྔོན་འགྲོ་ཞུས་ཏེ་བསགས་སྦྱོང་དང་འཕོ་བ། སེམས་ཁྲིད་སོགས་ཞུས་ནས་ཉམས་ལེན་བྱས། ལོ་བཅུ་བདུན་པ་ས་འབྲུག་ལོའི་དཔྱིད་ཀ་རི་ཁྲོད་དུ། རྩེ་དྲུག་མཁན་པོ་གཙུག་ཕུད་ཚུལ་ཁྲིམས་དྲུང་ནས། ཞི་ཁྲོ་གསར་མའི་དབང་དང་ལུང་། དྲན་པ་ཡངས་གསང་གི་དབང་དང་ལུང་། དྲན་པ་ཡབ་སྲས་བཅུད་དྲིལ་གྱི་དབང་དང་ལུང་། དྲན་པ་དྲག་པོའི་དབང་དང་། ཚེ་སྒྲུབ་ལྷ་དགུ་མའི་དབང་དང་ལུང་། གུ་རུ་ཞི་དྲག་སེང་གསུམ། གསར་མའི་བསྐང་འབུམ་སོགས་ཀྱི་ལུང་ཐོབ། ལོ་དེའི་དབྱར་ཁར་རི་ཁྲོད་དུ། བོན་དབྱིངས་རང་གྲོལ་དྲུང་ནས། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་དང་། དངོས་གཞི་སྐུ་གསུམ་རང་ཤར། ཀུན་བཟང་སྙིང་ཐིག་བཅས་ཀྱི། ཞལ་ཁྲིད་སྨར་བ་དང་། སྡེ་སྣོད་མཛོད་ཀྱི་དཔེ་ཁྲིད་ཐོབ། ལོ་དེའི་དགུན་ཁར་སྐུ་གསུམ་རང་ཤར་གྱི་སྒོ་ནས་རྩ་རླངས་ཞག་བརྒྱ་ལ་སྦྱོང་། དེའི་འཇུག་ཏུ་བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་དབང་། སྐུ་གསུམ་རང་ཤར་དང་བདེར་འདུས་ཀྱི་སྒོ་ནས་དབང་བཞི་ཐོབ། ལོ་བཅོ་བརྒྱད་པ་ས་སྦྲུལ་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ནས། དགུ་པའི་ཚེས་བཅོ་བརྒྱད་བར་དུ། བོན་དབྱིངས་རང་གྲོལ་རིན་པོ་ཆེས་རི་ཁྲོད་དུ། བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་མཛོད་ཀྱི་དཔེ་ཁྲིད་གནང་སྟེ། སློབ་མ་རྣམས་ལ་སྦྱོང་བཅོལ་བ་དང་། རྒྱུག་ལེན་པ་སོགས་མཛད་པས། ཐོས་བསམ་སྦྱོང་བརྩོན་དང་། ཉམས་ལེན་བཅས་བྱེད་པས་གོ་སྐབས་བཟང་པོ་ཐོབ། ལོ་བཅུ་དགུ་པ་ལྕགས་རྟ་ལོའི། ཧོར་ཟླ་དང་པོའི་ཚེས་བཅུ་ནས། བོན་དབྱིངས་རང་གྲོལ་མཆོག་གིས། ཚེ་འབུམ་རྫོང་ཁྲོད་འོད་གསལ་་གླིང་དུ། སློབ་མ་ཁ་ཤས་ཀྱི་ཞུས་པས་ངོར། དབྱིངས་རིག་མཛོད་ཀྱི་ཁྲིད་གནང་བ་ཐོབ། དེ་མཚམས་ཀོ་དགོན་དུ། བོན་དབྱིངས་རང་གྲོལ་མཆོག་གི་དྲུང་ནས། ཤར་རྫའི་བཀའ་འབུམ་ཆབ་ཚང་ལུང་དང་། བཀའ་རྒྱུད་སྐོར་བཞི་ལས། རྒྱུད་བུ་ཆུང་བཅུ་གཉིས་དང་། ཡང་གསང་གནས་ལུགས་ཕུག་ཆོད་ཀྱི་ཁྲིད། སྐུ་གསུམ་རང་ཤར་དང་། བདེར་འདུས་ཀྱི་སྒོ་ནས་དབང་བཞི་དང་བཅས་ཐོབ། ལོ་དེའི་དབྱར་ཁར། གནམ་ལྷ་རིན་པོ་ཆེ་དྲུང་ནས། བྱང་ཁྲིད་ཉི་མའི་འོད་ཟེར་དང་། འཕོ་བའི་ཁྲིད་ཟླ་བའི་བའི་མདང་ལྡན་གཉིས་ཀྱི་ཁྲིད་ལུང་དང་། བར་དོ་ངོ་སྤྲོད་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་བཅས་ཞུས་ཏེ། འཕོ་བ་གཞན་སྤར་ཞག་བརྒྱ་ལ་རྟགས་ཐོན་སྦྱོང་། ལོ་དེའི་ཧོར་ཟླ་དྲུག་པ་ནས་དགུ་པ་བར་རི་ཁྲོད་དུ། བོན་དབྱིངས་རང་གྲོལ་མཆོག་གི་སྡེ་སྣོད་མཛོད་སོགས་ཀྱི་དཔེ་ཁྲིད་གནང་བ་རྣམས་ཐོབ། ལོ་དེའི་དགུན་ཁར་ཀོང་པོ་བོན་རི་ལ་བསྐོར་བཅུ་གསུམ་བསྐོར། ལོ་ཉི་ཤུ་པ་ལྕགས་ལུག་ལོའི། ཧོར་ཟླ་དང་པོ་ནས་བཅུ་པ་བར་དུ། བོན་རིའི་ནུབ་བྱ་དེའི་སྒྲུབ་ཕུག་ཏུ་གཅིག་པུར་ཉམས་ལེན་བྱས། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྫོང་ཁྲོད་དུ་ བོན་དབྱིངས་རང་གྲོལ་དྲུང་ནས། ཧོར་རྒྱལ་སྲས། སྟོབས་ཀྱི་རྒྱལ་པོ་སོགས་དང་ལྷན་དུ། དབྱིངས་རིག་མཛོད་ཀྱི། ཁྲིད་ཀ་དང་དབང་བཞི་བཅས་ཐོབ། ལོ་ཉེར་གཅིག་པ་ཆུ་སྤྲེལ་ལོའི་ཧོར་ཟླ་དང་པོ་ནས་དྲུག་པ་བར་རྫོང་ཁྲོད་དུ། རི་ཁྲོད་བླ་ཆུང་འཆི་མེད་རིན་པོ་ཆེ་སོགས་དང་ལྷན་དུ། སྡེ་སྣོད་མཛོད་ལ་ཐོས་བསམ་སྦྱོང་། དེའི་སྐོར་སྨན་རིའི་ཡོངས་འཛིན་སློབ་དཔོན་ཆེན་མོ། བསྟན་འཛིན་རྣམ་དག་མཆོག་ཁྱུང་ཡུལ་དུ། ཕེབས་པསདཀའ་དྲིན་ལས། སྟེང་ཆེན་དགོན་ནས། འདུལ་བ་མདོར་བསྡུས་ཡར་མེ་བའི་ཅན། དེའི་འགྲེལ་པ་མཉམ་མེད་ཅན། ཞི་གནས་ལག་ལེན་དཔོན་སློབ་ཅན། བཅས་ཀྱི་ཁྲིད་དང་། ཤེས་རབ་སྨྲ་སེང་སྒྲུབ་གཞུང་དང་། ཆ་ལག་ཆབ་ཚང་། ལྷ་རྒོད་གཞུང་དང་ཆ་ལག་ཆབ་ཚང་། ཤེས་རབ་བློ་འཕེལ་སྒྲུབ་གཞུང་སོགས་ཀྱི་ལུང་དང་། ཚེ་སྒྲུབ་བྱ་རི་མའི་དབང་། དུས་འཁོར་དབང་། གཤེད་དམར་དབང་། གཤེད་དམར་ཚེ་སྒྲུབ་དབང་། སྨྲ་སེང་དབང་། སྨྲ་སེང་ཚེ་སྒྲུབ་དབང་། ལྷ་རྒོད་དབང་། ལྷ་རྒོད་ཚེ་སྒྲུབ་དབང་། སྒྲ་དབྱངས་རྒྱལ་མོའི་དབང་། སྒྲ་དབྱངས་རྒྱལ་མོའི་ཚེ་སྒྲུབ་དབང་བཅས་ཐོབ། རི་ཁྲོད་དགོན་ནས། ཟབ་མོ་སྐུ་གསུམ་བཅུད་དྲིལ་གྱི་ཁྲིད་རིམ་དང་། ཡབ་སྲས་སྔོན་འགྲོའི་གོང་འཕྲོས་བཅས་ཀྱི་ཁྲིད་དང་། དབལ་གསས་དཔའ་བོ་གཅིག་སྒྲུབ་དང་། གསང་སྔགས་རྒྱུད་ཕྱག ཚེ་དབང་སྨོན་ལམ། སྡོམ་གསུམ་སྨོན་ལམ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ། ཡབ་སྲས་བཅུད་དྲིལ་གྱི་གཞུང་སོགས་ཀྱི་ལུང་དང་། ངན་སོང་སྐྱེ་སྒོ་གཅོད་པའི་དབང་། ཡབ་སྲས་བཅུད་དྲིལ་གྱི་དབང་སོགས་ཐོབ། ཀོ་དགོན་ནས། ཐེག་རིམ་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་ཁྲིད་དང་། བཀའ་འགྲེལ་གསལ་བྱེད་ཀྱི་ཁྲིད་དང་། ཞང་ཞུང་སྙན་རྒྱུད་ལས། བླ་མ་སྣང་ཞེད་མཇལ་སྣང་སྐོར། བྱ་བྲལ་རྗེས་མེད་ཀྱི་ཁྲིད་དང་། ལག་ལེན་ཁྲིད་ཀྱི་རིམ་པ། སྔོན་འགྲོ་བོན་སྤྱོད་ཀྱི་ཁྲིད་བཅས་དང་། ཚེ་དབང་བོད་ཡུལ་མའི་དབང་དང་ལུང་། མུན་སེལ་སྒྲོན་མའི་དབང་དང་ལུང་བཅས་ཐོབ། ལོ་དེའི་སྟོན་ཁར་མུན་མཚམས་ཞེ་དགུ་གཅིག་དང་། དགུན་ཁ་མཁའ་འགྲོ་གསང་མཛོད་ཀྱི། རྩ་རླུང་ཞག་བརྒྱ་ལ་སྦྱོང་། ལོ་ཉེར་གཉིས་པ་ཆུ་བྱ་ལོའི་ཧོར་་ཟླ་དང་པོ་ནས་དྲུག་པ་བར་རྫོང་ཁྲོད་དུ། བོན་དབྱིངས་རང་གྲོལ་དྲུང་ནས། གཅེན་པོ་ཚུལ་ཡེ་དང་ལྷན་དུ། དབྱིངས་རིག་མཛོད་དང་། བདེ་སྨོན་རྣམ་གསུམ་གྱི་རྩ་འགྲེལ། ལྷ་གཉེན་ཤེལ་སྒོང་དང་ཟུར་རྒྱན། དངོས་གཞི་སྐུ་གསུམ་རང་ཤར། ཀུན་བཟང་སྙིང་ཐིག ཉམས་ཁྲིད་སྙིང་གི་རྒྱ་ཅན། བྱང་སེམས་ལྔ་བཅུ་པ་དང་། བརྒྱ་རྩ་པ་བཅས་ཀྱི་ཁྲིད་དང་། བདེར་འདུས་དང་སྐུ་གསུམ་རང་ཤར་གྱི་སྒོ་ནས་དབང་བཞི་དང་། བྱང་སྡོམ་སོགས་ཐོབ། བྱང་མིང་མཚན་གཞན་ཕན་འོད་ཟེར་མཐར་རྒྱས་དང་། གསང་མཚན་རིག་པ་རང་གྲོལ་གནང་། དེ་སྐབས་བོན་དབྱིངས་རང་གྲོལ་མཆོག་གི་ཞྭ་དཀར་དང་གཟན་དཀར་གནང་ནས་ཁྲི་ལ་བཀོད་དེ། ཞལ་ནས། ད་ཁྱེད་རང་ལོ་གསུམ་ཙམ་ཕ་ཡུལ་སྤང་ཏེ། རིར་འགྲིམ་ལ་ཉམས་ལེན་གྱིས། རྗེས་སུ་རང་དགོན་བསྟན་པ་ལ་ཞབས་ཞུ་སྒྲུབ་དགོས་ཞེས། ཡང་ཡང་གསུང་པ་བཞིན་ཁས་བླངས་ཞུས་ཏེ། ཤིང་ཁྱི་ལོ་ནས་མེ་བྱི་ལོ་བར་དུ། བོན་རི་དང་གངས་རི་སོགས་ལ་སོང་སྟེ། དྭངས་ར་གཡུང་དྲུང་ལྷ་རྩེའི་ལྷ་སྒོམ་སྒྲུབ་ཕུག་ཏུ་ལོ་གཅིག་དང་། གངས་རི་ཤེལ་བྲག་ཕུག་ཏུ་ཟླ་བ་གཅིག་མ་ཟིན་ཙམ་ཉམས་ལེན་བྱས། དེ་ནས་རང་ལོ་ཉེར་ལྔ་མེ་བྱི་ལོར་རང་ཡུལ་དུ་འབྱོར། དེ་ནས་སྔ་རྗེས་སུ་ཡབ་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་མདུན་ནས། ཡི་དམ་གསས་མཁར་མཆོག་ལྔའི་དབང་ལུང་དང་། གཤེད་འདུར་གྲི་འདུར་ཆུང་འདུར། གཅོད་འདུར་བཅས་ཀྱི་དབང་ལུང་དང་། མན་ངག་ཞལ་ཁྲིད་སོགས་ཐོབ། དེ་སྐོར་སྨན་རིའི་མཁན་ཆེན་རིན་པོ་ཆེའི་མདུན་ནས། མེ་རིའི་དབང་བཞི་དང་གདུགས་དཀར་གྱི་དབང་སོགས་ཐོབ། དེ་ནས་གཟི་ཀིས་དུ་གཅེན་པོ་ཚུལ་ཡེའི་དྲུང་དུ་བསྡད་སྐབས། ནག་རུ་སྡེ་དཔོན་རྣམས་ཀྱི། ཁྱུང་ནག་བསམ་གཏན་གླིང་དུ་བཞུགས་ཏེ། དགོན་པའི་བླ་མ་མཛད་དགོས་པས། རེ་བ་ཐེངས་མང་ཞུས་པས་ཞལ་བཞེས་བྱས། མེ་བྱི་སྤྱི་ལོ་༡༩༩༧ལོའི་སྤྱི་ཟླ་དང་པོའི་ཡར་ཚེས་ཉིན། བསམ་གཏན་གླིང་དགོན་པའི་འགན་འཛིན་པ། གཙོ་བོ་བླ་མ་པད་མ་ཀུན་ལེགས་དང་། གཡུང་དྲུང་གྲགས་པ་སོགས། ནག་རུའི་བླ་གྲྭ་ཡོངས་ཀྱིས། ཁྱུང་ནག་བསམ་གཏན་གླིང་གི་དགོན་པའི་དབུ་བླར། མིང་བཏགས་མངའ་གསོལ་ཁྲི་འདོན་སོགས་མཛད། མེ་གླང་ལོར་གཅེན་པོ་ཚུལ་ཡེའི་མདུན་ནས། ག་རྒྱའི་བརྡ་དག་ཚུལ་རྒྱན་པའི་སྙན་ངག་བཅས་སྦྱོང་པ་དང་། བཀའ་འགྲེལ་གསལ་བྱེད་ཀྱི་ཁྲིད་དང་། བྱམས་མ། རྣམ་རྒྱལ། སྤྱི་སྤུངས་ཞི་ཁྲོ། རྒྱས་འབྲིང་བསྡུས་གསུམ། རྦོད་གཏོང་སོགས་ཀྱི་ལུང་། གེ་ཁོད་ཀྱི་དབང་དང་། བདེ་འདུས་དང་སྐུ་གསུམ་རང་ཤར་གྱི་སྒོ་ནས། དབང་བཞི་བཅས་ལན་གཅིག་ཐོབ།
- ཟིན་ཐོ་གོང་མ།7 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།9 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།