མཐའ་ཞུ་གྲགས་སྡིས། གཡུང་དྲུང་བསམ་གཏན་གླིང་གི་དགོན་པའི་དབུ་བླ་མཛད་དེ། དགུ་དང་དུས་མཆོད་སོགས་འཚོགས་དང་འདུ་བ། སྔར་སྲོལ་ལྟར་དང་། དགོན་པ་འདུ་འཚོགས་སྐབས། བླ་གྲྭ་དང་སེར་ཁྱིམ་པ་བརྒྱ་དང་ལྔ་ཡོད། དགོན་པའི་བླ་མ་གྲགས་སྡིས་མཆོག་གིས། ནག་རུའི་སྡེ་དཔོན་རྣམས་དང་གྲོས་བྱས་ནས་ ཚུལ་ཁྲིམས་ཕུན་ཚོགས་སྒྲུབ་གྲྭའི་མཁན་པོར་མངའ་གསོལ་ཏེ། གཡུང་དྲུང་བསམ་གཏན་གླིང་དུ། སྒྲུབ་གྲྭ་ཞིག་དབུ་ཚུགས། དེ་རྗེས་མཁན་པོ། སྒྲུབ་གྲྭའི་ཁང་པ་བཞེངས་བྱེད་ཀྱི་ཆེད་དུ། སྟོད་ཧོར་ཕྱོགས་སུ་གདུལ་བྱར་བྱོན། སྤྱི་ལོ་༡༩༥༩ས་ཕག་ལོར་བོད་ཟླ་༨པར་སྐུ་གཤེགས་སོ༎ སྐབས་དེ་དུས་དགོན་པ་སེར་ཁྱིམ་པའམ་སྔགས་དགོན་ཡིན་ཞིང་། དབྱར་ཀ་མཁའ་ཀློང་དང་། དགུན་ཁར་དགུ་བཅས་འདུ་འཚོགས་གཉིས་སྐབས། ཞང་མགོན་གཉིས་དང་ནག་རི་སྟོད་བཅས་ཀྱི། དུད་མི་ཡི་གེ་ཤེས་མཁན་ཚང་མ། དགོན་པར་འདུ་འཚོགས་བྱ་སྲོལ་ཡོད། དེ་ནས་མེ་རྟ་ལོར་རིག་གནས་གསར་བརྗེའི་སྐབས། དགོན་པ་གཏོར་བརླགས་སོང་། ཤིང་གླང་སྤྱི་ལོ་༡༩༨༥ལོར་གྲགས་སྡིས་ཞིང་ལ་ཕེབས་པས། སྐུ་གདུང་བཞུ་དུས་རྩིབས་རུས་མེ་གདུག་བཞུགས་པས་ངོས་ལ། མ་ཏྲི་རང་བྱོན་ཕྱི་ནང་ཟངས་ཐལ་ཅན་འགྲོ་བའི་རྟེན་དུ་བཞུགས་སོ༎ དེ་ལ་སྲས་གཉིས་ལས་ཆེ་བ་བླ་རབས་ཉེར་བརྒྱད་པ། མཐའ་ཞུ་པད་མ་ཀུན་ལེགས། རབ་བྱུང་བཅུ་དྲུག་པའི་ཆུ་རྟ་སྤྱི་ལོ་༡༩༤༢ལོར་འཁྲུང་། ཆུང་ནས་འབྲི་ཀློག་སོགས་ཡོན་ཏན་སྦྱངས་བརྩོན་མཛད། དགུང་ལོ་བཅུ་གསུམ་སྐབས་རི་ཁྲོད་དུ། རྩ་བླ་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས། ཡབ་སྲས་སྔོན་འགྲོ་སེམས་ཁྲིད་རྩ་རླུང་མུན་མཚམས་སོགས་ཞུས་ཏེ། ལོ་གསུམ་ལ་ཉམས་ལེན་མཛད༎ དེ་ནས་དགུང་ལོ་བཅུ་དྲུག་མེ་བྱ་ལོར། དགོན་བསམ་གཏན་གླིང་གི་དབུ་བླར་ཁྲི་བསྐོས་བྱས། ལོ་དེར་རྩེ་དྲུག་ཏུ་བྱོན་ནས་སྒྲུབ་གྲྭར་ཞུགས་ཏེ། མཁན་པོ་སྨོན་ལམ་མདུན། ཤར་རྫའི་མཛོད་ལྔའི་ཁྲིད་ལུང་ཞུས་ནས། ཐོས་བསམ་སྦྱངས་བརྩོན་མཛད་པའི་ཞོར་དུ། སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་མཚམས་ཐོད་རྒལ་སོགས། ཉམས་ལེན་ལོ་ལྔ་ལྷག་མཛད། རིག་གནས་གསར་བརྗེ་སྐབས། འཐབ་རྩོད་མྱངས། དེ་རྗེས་ཆོས་དད་རང་མོས་བྱུང་བས། ཟླ་སྤྲུལ་རིན་པོ་ཆེའི་མདུན་ཁོང་སོ་ཐར་གཙང་གཙུག་གི་ཁྲིམས་ཞུས་ཏེ། སེར་སྐྱ་མང་ཚོགས་ཀྱི་རེ་མདུན་ལྟར། དགོན་པ་སླར་གསོ་བྱེད་རྒྱུའི་ཆོག་མཆན་ཞུས་པས། ཤིང་བྱི་༡༩༨༤ལོར་དགོན་པ་སླར་གསོ་བྱེད་ཆོག་པའི། མཆན་འགོད་གནང་བ་ཐོབ་སྟེ། དགོན་པ་བཞེངས་གྲབ་བྱེད་སྐབས། དགོན་པའི་བླ་མ་པད་མ་ཀུན་ལེགས་མཆོག་གི་ བཀྲ་ཤིས་སུམ་མདོ་ལ། དགོན་པ་བཞེངས་དགོས་དགོངས། རྒྱུ་མཚན་ནི། ས་འདིའི་ཉེ་བསྐོར་བཀྲིས་དགོན་ཟེར་སར། སྔར་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་གིས་ཕྱག་བཏབ་པས། འདུས་སྡེ་ཐོག་མ་དེ་ཆགས་པའི་ས་གནས་བྱིན་ཆེན་ཡིན། ཟེར་སྲོལ་ཡོད་པ་དང་། དགོན་པ་སྔར་གྲུབ་ཐོབ་བཟོད་པ་རིན་པོ་ཆེས། ནག་རུ་དགོན་པ་བཀྲ་ཤིས་སུམ་མདོ་ལ་རྒྱབ་ན། ཤིན་ཏུ་ལེགས་ཞེས་གསུང་པ། ཡུལ་མི་རྒན་རབས་ཚོས་བཤད་སྲོལ་ཡོད་པ་དང་། ཕྱིས་སུ་བླ་མ་ཨ་ཡང་རིན་པོ་ཆེ། ཁྱུང་ཡུལ་དུ་ཕེབས་སྐབས་ཞལ་ནས། ས་འདི་ཡི། གནམ་ལ་བལྟས་ན། གཡུང་དྲུང་གཡས་འཁྱིལ་ལྟ་བུའི་ལྟེ་བ་དང་། དབུས་སུ་བལྟས་ན་གནམ་ས་གྲུ་གསུམ། ཡི་དམ་དབལ་ཕུར་གྱི་སྒྲུབ་གནས་ལྟ་བུ་དང་། ཕྱོགས་ཡོངས་ནས་བསྐོར་ཏེ། བལྟས་ན་བུམ་པ་ཁ་གཡེལ་ལྟ་བུ་འདིར། དགོན་པ་ཞིག་བཞེངས་ཐུབ་ན་ཡག་པོ་འདུག་གསུང་པ་ལྟར། ས་དེར་དགོན་པ་བཞེངས་པས། དགོངས་ཚུལ་གསུང་། དེར་བླ་གྲྭ་མང་ཆེ་བ་བློ་བབས་ཀྱང་། མི་ཁ་ཤས་ནས་ཁྱུང་ནས་རྫོང་གི་ཟུར། སྔར་དགོན་པ་ཡོད་ས་དེར་བཞེངས་དགོས་ཟེར། ཡང་ཁ་ཤས་ནས་དགོན་པ། གཟི་ཀིས་དུ་བཞེངས་དགོས་ཟེར་ མཁན་པོ་བོན་དབྱིངས་རང་གྲོལ་མཆོག་གི་སྔར། རྩ་བའི་བླ་མ་བྱ་བཏང་རིན་པོ་ཆེས། ཁོང་རྫོང་ཁྲོད་ལ་བཞུགས་དགོས་གསུང་པས། ཁོང་ཉིད་རྫོང་ཁྲོད་དུ་བཞུགས་རྒྱུ་ཡིན་ལ། དགོན་པ་ཡང་རྫོང་ཁྲོད་དུ་བཞེངས་དགོས་གསུང་ནས། གྲོས་མ་མཐུན་པར་ལོ་ཁ་ཤས་ལ་དགོན་པ་བཞེངས་རྒྱུ་ལུས༎ དེ་ནས་ཆུ་སྤྲེལ་སྤྱི་ལོ་༡༩༩༢ལོར་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་དང་། འཇའ་ལུས་ཉེར་ལྔའི་ནང་ཚན་མཁནཔོ་བོན་དབྱིངས་རང་གྲོལ་(བོན་དབྱིངས་རང་གྲོལ་མཆོག་ལྕགས་རྟ་སྤྱི་ལོ་༡༩༣༠ལོར་མཁར་ནེ་ལ་འཁྲུངས། སྔ་རྗེས་སུ་བཟོད་པ་རིན་པོ་ཆེ་དང་། རྩ་བླ་ཚུལ་ཁྲིམས་རྒྱལ་མཚན། ཚུལ་ཁྲིམས་ཕུད་ཚོགས། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། སུ་ལ་བསྐལ་བཟང་རྒྱལ་མཚན། བྱ་བཏང་ཚེ་དབང་འགྱུར་མེད་བཅས་ལ་བརྟེན་ནས། མདོ་སྔགས་སེམས་གསུམ་གྱི་ཁྲིད་དང་དབང་ལུང་མན་ངག་ཞུས་ནས། ཐོས་བསམ་སྒོམ་སྒྲུབ་ཞོར་དུ་སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་མཚམས་ཐོད་རྒལ་སོགས་ཉམས་ལེན་མཛད། སྤྱི་ལོ་༡༩༦༡ལྕགས་གླང་ལོར་དུས་དབང་གིས། ཞང་བཟའ་རིན་ཆེན་མོ་དང་ལྷན་དུ་དོན་གྱི་ཉམས་ལེན་སྐྱོང་བཞིན་མཁར་ནེར་བཞུགས་ཤིང་། སྲས་ལྕམ་དྲལ་འགའ་འཁྲུངས། ཤིང་གླང་སྤྱི་ལོ་༡༩༨༥ལོར་རྫོང་གསེབ་རི་ཁྲོད། སླར་གསོ་མཛད་ནས་བཞུགས་སྐབས་སྔ་རྗེས་སུ་རྩེ་དྲུག་དང་། རི་ཁྲོད་ཀོ་དགོན་བཅས་སུ་གདན་དྲང་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་ ཁྲིད་ལུང་ཞུས་པ་གནང་ནས་སྒོམ་སྒྲུབ་ཀྱི་བསྟན་པ་སྤེལ་བར་མཛད་༡༩༩༢ ཆུ་སྤྲེལ་ལོར། མཁན་པོ་མཆོག་ནས་འགན་གཙོ་བོ་བཞེས་ཏེ། དགོན་པ་གསར་བཞེངས་བྱས།)གཉིས་ཀྱིས་གྲོས་མཛད་དེ། དགོན་པ་ཚེ་འབུམ་རྫོང་ཁྲོད་དུ་བཞེངས་རྒྱུ་ཐག་བཅད་དེ། འདུ་ཁང་རྨིང་བཏིངས་ནས་བཞེངས་བཞིན་པས་སྐབས། བོན་དབྱིངས་རང་གྲོལ་མཆོག་ཆུ་བྱ་ ༡༩༩༣ ལོར་ཤིན་ཏུ་སྙུང་ནས། སྨན་བཅོས་བྱས་ཀྱང་མ་ཕན་པར། འདུ་ཁང་བཞེངས་གྲུབ་ལ་ཁད་དུ། ཤིང་ཁྱི་ ༡༩༩༤ལོའི་དབྱར་ཁར་སྐུ་གཤེགས་པས། དེའི་དགོང་རྫོགས་ལ་ཞེ་དགུ་དང་། ལས་བཞི་སོགས་ལེགས་པར་ཕུལ། དེ་ནས་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་ཀྱིས། དགོན་པའི་འགན་གཙོ་བོ་བཞེས། དེ་སྐབས་རྫོང་ཁྲོད་དུ། དགོན་ས་བརྟེན་པོ་མེད་པའི། དགོན་པ་བཀྲ་ཤིས་སུམ་མདོ་ལ། གནས་སྤོ་བྱ་དགོང་ཀྱང་བླ་གྲྭ་ཁ་ཤས་དང་། འགོ་ཁྲིད་ཁག་གཅིག་གྲོས་མ་མཐུན་པས། དེ་ནས་དགོན་པ་བཞེངས་འཕྲོ་ལུས་པ་གསར་བཞེངས་དང་། དགུ་དང་དུས་མཆོད་སོགས། འདུ་འཚོགས་ལྔ་གསར་འཛུགས་གནང་། སྒོམ་སྒྲུབ་ཉམས་པ་སླར་གསོ་བཅས་མཛད་དེ། བསྟན་པའི་རྒྱུན་བསྐྱངས་བ་དང་མེ་བྱི། ༡༩༩༧ལོར་གུས་པར་ནག་རུ་དགོན་པའི་དབུ་བླའི་མིང་བཏགས་ཏེ་ཁྲི་བསྐོས་གནང་བདང་། བསམ་དགེ་མཁན་པོར་མིང་བཏགས་ནས་དགོན་པའི་འགན་ཁུར་ལ་བསྐོས། ས་ཡོས།༡༩༩༩ལོར་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་མཆོག ཤིན་ཏུ་སྙུང་བས། དགོན་པའི་ལས་འགན་དགོང་ཞུས་གནང་ཏེ་སྨན་བཅོས་མཛད། དེ་ནས་དགོན་པའི་འགན་མཐའ་ཞུ་བླ་མ་གཡུང་དྲུང་གྲགས་པ་དང་། མཁན་པོ་བསམ་གཏན་དགེ་ལེགས། དབུ་མཛད་ཡེ་ཤེས་རབ་གསལ་བཅས་ཀྱི་ཁུར། མཐའ་ཞུ་བླ་མ་པད་མ་ཀུན་ལེགས་མཆོག ལྕགས་འབྲུག་༢༠༠༠ལོའི་སྤྱི་ཟླ་དང་པོར་བོད་ཟླ་དགུན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཕྱག་མཉམ་བཞག་ཞབས་དཀྱིལ་ཀྲུང་དང་། སྐུ་ལུས་གཡོ་མེད་མདའ་ལྟར་བསྲངས་ཏེ་ཞིང་ལ་ཕེབས། ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་དུ། སྐུ་གདུང་ཞུགས་ལ་ཕུལ་བས་རིང་བསྲིལ་སྣ་ཚོགས་བྱོན་ནོ།
- ཟིན་ཐོ་གོང་མ།5 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།7 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།