བླ་རབས་ཉེར་གཅིག་པ། དེའི་སྲས་ཆེ་བ་མཐའ་ཞུ་ཁྲི་བཙུན་ཚུལ་ཁྲིམས་གྲགས་པ། ཤིང་འབྲུག་ལོར་འཁྲུངས། ཆུང་ནས་རབ་དུ་བྱུང་སྟེ། མདོ་སྔགས་སེམས་གསུམ་ལ་ཐོས་བསམ་དང་། ཉམས་ལེན་གནང་། ཟླ་དགོན་ས་གཡོའི་འཇིགས་པས། ཞིག་གསོ་ཐེངས་མང་བྱས་ཀྱང་། ས་བརྟན་པོ་མེད་པས་ཁྱུང་ནག་རྫོང་གི་གོང་དེར་དགོན་པ་སྤོས། ༼༼་་ནག་རུ་དགོན་པ་གསར་བཏབ་ཀྱི་ལོ་རྒྱུས་ལས། དགོན་པ་གང་དུ་སྤོ་དགོས་མིན་ཐད། གསང་སྔགས་གླིང་པ་ཡབ་ཡུལ་གཉིས་ལ་དགོངས་རྟགས་གཟིགས་རོགས་ཞུས་པད། དེར་མཁའ་འགྲོ་དབང་མོས་ལུང་བསྟན་པ། ༼་་ཁོ་མོ་ཁྱུང་དཀའ་རི་ཁྲོད་འདུག་པས་སྐབས། ནམ་ཞིག་ཐོ་རེངས་འོད་གསལ་ངང་དུ་ནི། སྣང་ཁམས་འཇའ་ཚོན་འོད་ཟེར་བཀྲ་བའི་ཀློང་། མཁའ་འགྲོ་དཀར་པོ་རིན་ཆེན་བརྒྱན་པ་ཞིག ཕྱག་ན་སྣང་སྲིད་གསལ་བས་མེ་ལོང་འཛིན། ཞལ་ནས་ཚང་པའི་དབྱངས་ཀྱིས་འདི་སྐད་གསུང་། ཨ་ཧོ་གསོན་དང་ལས་ལྡན་རིགས་ཀྱི་མ་གཅིག་མོ། བདག་ནི་དབྱིངས་ཀྱི་ཡུམ་ཆེན་ཀུན་སྒྲོལ་མ། ཁྱོད་ནི་སྙ་ཆེན་ལི་ཤུའི་ལས་འཕྲོ་ཅན། མཁའ་འགྲོ་ཅོ་ཟ་བོན་མོའི་སྤྲུལ་པ་ཡིན། ་་༽ཞེས་དང་ཡང་དེ་ལས། ༼་་གྲུབ་མཐའ་ཉམས་གསོ་རང་རང་བསྟན་པ་འཛིན། ཁྱད་པར་ཞང་ཞུང་སྒོ་ཆེན་ཁྱུང་ནག་ཡུལ། ཁྱུང་ནག་ཁྱུང་གི་བླ་གཤོག་མཁར་ལྡིང་ན། བོད་ཁམས་སྟོད་སྨད་ཤིན་ཏུ་བདེ་བ་དཀའ། དེའི་ཕྱིར་ཁྱུང་གི་སྒོ་ང་རྫོང་རྩེར་བཞག ཁྱུང་ཕྲུག་ཁྱུང་གི་གཤོག་དྲུག་ལུས་ལ་རྒྱས། ཁྱུང་གཙུག་རིན་ཆེན་ནོར་ལས་དགོས་འདོད་འབྱུང་། རྒྱལ་གཤེན་བསྟན་ལ་ཆག་འཇིག་མེད་པར་བདེ། མངའ་རིས་ཞིང་ལ་བདེ་སྐབས་རེས་ཤིག་འབྱུང་། སྤངས་བླངས་མ་འཛོལ་བྱ་བ་རྟགས་ཤེས་གཅེས། བོན་གྱི་ཡི་དམ་སྲུང་མ་མཆོད་ཅིང་བརྟེན། ཡུལ་ལྷ་གཞི་བདག་གསོལ་ཞིང་སྡོང་གྲོགས་བཅོལ། ང་ནི་ཡེ་ཤེས་མཁའ་འགྲོ་ཀུན་སྒྲོལ་མ། ལུང་སྟན་མ་བརྗེད་ཐུགས་ཀྱི་དཀྱེལ་དུ་ཞོག སྒྲུབ་སྡེ་དགོན་གནས་བདག་གི་ཐུགས་རྗེས་སྐྱོང་། སྔར་གྱི་ལི་ཤུའི་ཐུགས་དམ་ཉམས་མེད་སྲུང་། ཞེས་གསུང་མཁའ་འགྲོ་དེ་ཉིད་ཁྱུང་ནག་ཡུལ། སྔར་གྱི་ཟླ་བ་དགོན་ཤུལ་ཕྱོགས་སུ་གཤེགས། དགོན་དེའི་ལྷ་ཁང་བསམ་གྱི་མི་ཁྱབ་འདུག ནང་དུ་ཡི་དམ་ཁྲོ་ཕུར་ཞང་གསུམ་དང་། བདེར་གཤེགས་སྟོང་སྐུ་གསུང་རབ་དུ་མ་བཞུགས། སྒོ་ལ་རྒྱལ་ཆེན་སྡེ་བཞི་བཅས་པ་ལས། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་གསལ། ཡང་ཡང་གསལ་སྣང་མ་འགག་པ་རུ་ཤར། དེ་བཞིན་མཁའ་འགྲོའི་ལུང་དོན་བཅོས་མེད་པར་ཉག་གཏེར་མཁའ་འགྲོའི་མིང་བདེ་ཆེན་དབང་། ལུང་བསྟན་གསལ་ཆ་ཇི་བཞིན་ཐོ་ཤར་བྲིས། དགེ་ལེགས་དཔལ་གྱི་ས་སྟེང་ཁྱབ་པར་ཤོག་ཅེས་པའི་ལུང་བསྟན་འདི་ནི་ཁྱུང་ནག་གིས་དགོན་པ་གསར་བཏབ་ཀྱི་ས་གནད་གང་བབ་བརྟག་བྱ་དགོས་ཀྱི་ནན་བསྐུལ་ཡང་ཡང་བྱུང་བས། མཐོང་གྲོལ་རི་ཁྲོད་དུ་ཐུགས་རྗེ་ཀུན་སྒྲོལ་གྱིས་ལུང་བསྟན་བྱུང་བཞིན་མཁའ་འགྲོའི་མིང་འཛིན་བདེ་ཆེན་དབང་མོས་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཁྱུབ་པར་ཤོག་ཅིག་གུ་་༽ཞེས་གནང་བ་ལྟར་དགོན་པ་སྤོས་པའི་ལོ་རྒྱུས་ད་ལྟ་བཞུགས་ཡོད་དོ།་་༽༽ཡབ་དང་གཅུང་པོ་ལྷན་དུ་འདུ་ཁང་སོགས་དགོན་པ་གསར་དུ་བཞེངས། གསང་སྔགས་གླིང་པས་ཁྱུང་པོ་ནག་རུ་དགོན། གཡུང་དྲུང་བསམ་གཏན་གླིང་ཞེས་མཚན་གསོལ། བླ་རབས་ཉེར་གཉིས་པ། དེའི་གཅུང་པོ་མཐའ་ཞུ་བསྟན་འཛིན་གྲགས་པ། མེ་རྟ་ལོར་འཁྲུངས། གཅེན་པོ་དང་ལྷན་དུ་འདུ་ཁང་སོགས་དགོན་པ། གསར་དུ་བཞེངས་ནས་ སྔགས་སེམས་ཟབ་མོའི་ཉམས་ལེན་ཡང་དག་མཛད༎ བླ་རབས་ཉེར་གསུམ་པ། དེའི་སྲས་ཆེ་བ་གཡུང་དྲུང་བསྟན་ཚུལ། ས་སྦྲུལ་ལོར་འཁྲུངས། གཡུང་དྲུང་བསམ་གཏན་གླིང་དུ་ལྷ་འབྲི་རྟེན་བཞེངས་དང། སྒྲུབ་ཁང་ལྷ་མཆོད་དགུ་དང་དུས་མཆོད་སོགས། འདུ་འཚོགས་གསར་འཛུགས་དང་བཤད་སྒྲུབ་སྒོམ་པའི་བསྟན་པ་སྤེལ། གྲྭ་བཙུན་འདུས་སྡེ་བུ་བཞིན་སྐྱོང་ནས་བཞུགས་པས། ཁྱུང་ནག་ལྷ་སྡེ་ཡོངས་ཀྱི་བསྟི་གནས་སུ་གྱུར་ཏོ། བླ་རབས་ཉེར་བཞི་པ། དེའི་སྐུ་མཆེད་མཐའ་ཞུ་སྟག་དབང་གྲགས་པ། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ལོར་འཁྲུངས། དགོན་པ་བླ་བྲང་གཉིས་ཀའི་བསྟན་བདག་མཛད། དེ་ལ་སྲས་ཆེ་བ་མཐའ་ཞུ་བཟོད་པ། དེ་འོག་གཡུང་དྲུང་ཚེ་དབང་། དེ་འོག་མཐའ་ཞུ་ཤེས་རབ་བློ་གྲོས། དེ་འོག་མཐའ་ཞུ་པད་འབྱུང་བཅས་བཞི་འཁྲུངས་པ་ལས། ཆེ་བ་མཐའ་ཞུ་བཟོད་པ་རབ་ཏུ་བྱུང་ནས་མན་ཌལ་རི་ཁྲོད་དུ། སྔགས་སེམས་ལ་སྦྱངས་བརྩོན་དང་སྒོམ་སྒྲུབ་ཉམས་ལེན་མཛད་དེ་བཞུགས༎ བླ་རབས་ཉེར་ལྔ་པ། གཡུང་དྲུང་ཚེ་དབང་ཡང་རབ་ཏུ་བྱུང་ནས། རང་དགོན་བསམ་གཏན་གླིང་དུ་བསྟན་པ་བསྐྱངས་ནས་ལོ་མང་བཞུགས། བླ་རབས་ཉེར་དྲུག་པ། མཐའ་ཞུ་ཤེས་རབ་བློ་གྲོས་ཁྱུང་དཀར་སྟེང་ཆེན་དགོན་པས། བདུད་འདུལ་སྤྲུལ་སྐུ་རུ་ངོས་འཛིན་དང་ཁྲི་འདོན་བྱས་ཏེ། ཡོན་ཏན་སྦྱངས་བརྩོན་དང་བསྟན་པ་བསྐྱངས། མཐའ་ཞུ་པད་འབྱུང་ཡབ་གཞིས་བླ་བྲང་དུ་བཞུགས་ཏེ། ལྕམ་བཞེས་པས་སྲས་ལྕམ་དྲལ་ལྔ་འཁྲུངས། སྐབས་དེར་མཐའ་ཞུ་བཟོད་པ་དང་། གཡུང་དྲུང་ཚེ་དབང་གཉིས་གནས་བསྐོར་ཕེབས། བོན་རི་ཡངས་དགོན་དུ་སྙུང་ནས་གཉིས་ཀ་འདས༎ མཐའ་ཞུ་པད་འབྱུང་ཡབ་སྲས། ཚད་བྲུམ་འགོས་ནད་སྙུང་ནས་ཚང་མ་འདས་པས། བླ་བྲང་དུ་མཐའ་ཞུའི་གདུང་རྒྱུད་ཆད། དེ་ནས་མཐའ་ཞུ་བདུད་འདུལ་སྤྲུལ་སྐུ་ཁྲི་བབས་ཏེ། སྟེང་ཆེན་ཁ་ལ་བཟའ་དང་ལྷན་དུ་བཞུགས་པས་ བླ་རབས་ཉེར་བདུན་པ། མཐའ་ཞུ་གྲགས་སྡིས་སོགས་སྲས་འགའ་འཁྲུངས། དེ་མཚམས་བདུད་འདུལ་སྤྲུལ་སྐུ་སྟོད་གངས་རི་དང་། བོན་རི་སོགས་ལ་གནས་བསྐོར་བྱོན་ནས་མར་ཕེབས་དུས། ལྕམ་ཁ་ལ་བཟའ་མི་གཞན་གྱི་ཁྱིམ་ཐབ་བྱས། སྲས་གྲགས་སྡིས་གོ་སེར་ཁར་མག་པ་སྟེར་ནས་བཞུགས་ས་མེད་པར་གྱུར་པས། ཁྱུང་ནག་སྡེ་དཔོན་རྣམས་ཀྱིས། གཡུང་དྲུང་བསམ་གཏན་གླིང་དུ་གདན་དྲངས་ཏེ། དགོན་པའི་བླ་མ་མཛད་རོགས་ཞུས་ཏེ་ ཡབ་གཞིས་མཐའ་ཞུ་བླ་བྲང་གི་ས་གཞིས་ཁང་གསུམ་དང་། ཨ་རྔ་བཟའ་བསོད་ནམས་དབང་མོ་ཞེས་པ་ལྕམ་དུ་ཕུལ། སྐབས་དེར་མཐའ་ཞུ་གྲགས་སྡིས་ཀྱང་མར་བྱོན་ནས། ཡབ་གཞིས་བླ་བྲང་དུ་ཨ་རྔ་བཟའ་བསོད་ནམས་དབང་མོ་ལྷན་དུ་བཞུགས༎ སྲས་མཐའ་ཞུ་པད་མ་ཀུན་ལེགས་འཁྲུངས། བདུད་འདུལ་སྤྲུལ་སྐུས་གཡུང་དྲུང་བསམ་གཏན་གླིང་དུ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། གྲྭ་སློབས་སྐྱོང་ནས་བཞུགས། དགུང་ལོ་དོན་དགུར་དབྱིངས་སུ་གཤེགས་པས། དབུ་ཐོད་ལ་ཚེ་དབང་རིག་འཛིན་གྱི་སྐུ་གསལ་བར་བྱོན་ནོ། དེ་རྗེས་མཐའ་ཞུ་གྲགས་སྡིས་ཀྱི་ལྕམ་ཞང་སར་བཟའ་ཞིག་ཁྲིད་ཡོང་བས། མཐའ་ཞུ་ཀུན་ལེགས་ཡུམ་སྲས་གཉིས། ཨ་རྔ་ཚང་ལ་ལོག་དགོས་བྱུང་།
- ཟིན་ཐོ་གོང་མ།4ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།6 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།