སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་བཅོས་བྱས་པ། ༣༢ | 2013/10/30 16:20:00

ཚེས་་༡༦་་ཉིན། ཞེ་གཞུང་བདེ་སྲུང་སོའོ། སོའོ་ཀྲང་ཚེ་དབང་ནོར་བུ་ཡོང་ནས། གྲྭ་པ་དེ་ཚོ་བཟང་བཙོན་ལས། མར་གཏོང་རོགས་ཅེས། རེ་བ་རྒྱབ་བཞིན་འདུག་པས། གལ་སྲིད་མར་བཏང་ན་ཁྱོད་ལ། བསམ་འཆར་འདྲ་ཅི་ཨེ་ཡོད་ཟེར་བས། ངས་བསམ་འཆར་མེད། ཁོ་ཚོ་མར་གཏོང་རོགས་གྱིས་ལབ་པ་ཡིན། དེ་སྐབས་དགོན་པར་ལས་བཞི་ཡོན་རྒྱབ་འཚོགས་ཡོད་པ་དང་། སྔོན་མའི་འཆར་གཞི་ལྟར་ན་སྒྲུབ་ཐོན་བྱེད་སྒོ་ད་ལྟ་སྤེལ་རྒྱུ་རེད། དེ་འདྲ་ཡིན་དུས་ངས་ད་ཁོ་ཚོ་མར་གཏོང་ནས། སྔོན་མའི་འཆར་གཞི་ལྟར་སྒྲུབ་ཐོན་བྱེད་སྒོ་སྤེལ་ཐུབ་སོང་ན། ཁོ་ཚོ་དགའ་རྒྱུ་རེད་ལ་ང་ལ་དགེ་བ་ཞིག་ལོས་ཡོད་བསམ་བྱུང་། ཚེས་་༡༨་་ཉིན། ཞེ་གཞུང་ཤང་བདེ་སྲུང་སོའོ་ལས་བྱེད་གཅིག་ཡོང་ནས། ཁྱོད་སྨན་ཁང་ལས་མ་དོན་བར། ཁྱོད་ལ་རྡོ་རྒྱབ་མཁན་གྲྭ་པ་དེ་ཚོ་བཙོན་ལས། ཕྱི་ལ་མ་གཏོང་ཅེས། ཡང་ཧྲུའུ་ཅིའི་གསུང་བྱུང་ཟེར། དེར་ངས་དེ་འདྲ་ཡིན་ན། སང་ཉིན་ང་སྨན་ཁང་ལས་དོན་ཆོག་ རྨ་ཁ་སོས་མ་བྱུང་ཡང་། སྨན་ཁང་ཕྱིར་སྨན་རྒྱབ་རྒྱུ་ཡིན་ལབ་པ་ཡིན། དེ་ནས་ངས་ཚེས་་༡༩་་ཉིན་སྨན་ཁང་ནས་དོན་ལུགས་སྒྲུབ་ནས་སྨན་ཁང་ནས་དོན་པ་ཡིན། ཉིན་དེར་དེ་སྔོན་ང་ལ་རྡོ་རྒྱབ་པ་ཡིན་ཟེར་ནས། ཁས་ལེན་དོན་མཁན།  སྒྲུབ་གྲྭ་བ་གྲྭ་པ་བདུན་ཕྱིར་བཏང་འདུག་ཟེར། སྨན་ཁང་ཕྱིར་ཚེས་་༢༠་་ནས་ཚེས་་༣༡་་བར་ཉིན་བཅུ་གཉིས་ལ་སྨན་རྒྱབ་པ་ཡིན། ཚེས་་༢༩་་ཉིན་ཕྱི་དྲོ་དགོན་པར་ཡོང་ནས། ངས་ཤག་ཏུ་སླེབས་པ། ལས་དོན་ཚོས་མཐོང་འདུག་པས།  ལྷག་པས་ཕྲན་ལ་་་་་བྱས་པ་མི་འབྲི། ཕྱི་ཉིན་ཞེ་གཞུང་བདེ་སྲུང་སོའོ་ཡི། སོའོ་ཀྲང་ཚེ་དབང་ནོར་བུ་ནས། ཆབ་མདོ་སྨན་ཁང་གིས། ཁྱོད་གོང་རིམ་སྨན་ཁང་དུ། ནད་བརྟག་དཔྱད་དང་སྨན་བཅོས་ལ་སོང་ལབ་འདུག་པས། ཁྱོད་དང་པོ་ཁྲི་འདུ་དང་ལྷ་ས་སོགས་སྨན་ཁང་ཆེ་ཁག་ལ་སྨན་བཅོས་སོང་། དེ་མཚམས་ཁྲི་འདུ་ལ། ཁྲིམས་དཔྱད་སྨན་པར། ཁྲིམས་དཔྱད་ཞུ་ལ། འགྲོ་དགོས་རེད་ཟེར་བྱུང་བས། ཕྲན་གྱིས་སྐད་བསྒྱུར་སོགས་མི་རྙེད་པས། སྨན་བཅོས་ལྷ་སར་འགྲོ་ཡིན་ལབ་པ་ཡིན། དེའི་བསྐོར་གྲུབ་ཆེན་ནམ་མཁའ་རིན་པོ་ཆེའི། ད་ཁྱོད་དགོན་པ་དེར་གྱོད་ཁ་མཆུ་གཏུག་བཞིན་མ་བསྡད་པར། དགོན་པ་ནས་དགོང་པ་ཞུས་ཏེ། མར་རྩེ་དྲུག་སོགས་ལ་དགེ་བ་སྒྲུབ་ལ་སོང་། ཡང་ན་ཁོང་བཞུགས་སར་ཡར་ཤོགས། ཞེས་ཡང་ཡང་གསུང་བྱུང་བ་དང་། དེ་མིན་ཕྲན་གྱིས་མ་རྒན་སོགས། དགའ་ས་ཉེ་ཡ་ཚང་མས། ད་ཁྱོད་དགོན་པ་དེར་སྡོད་ནས། དགོན་བདག་བླ་མའི་མིང་དང་། ཀྲུའུ་རིན་གྱི་གོ་ས་བཟུང་བསྡད་ན།  མཁན་པོ་གཉིས་དང་དེའི་ཕྱོགས་གཏོགས་གྲྭ་པ་དང་སྡེ་ཁ་ཤས་བཅས་ཀྱིས། དགྲ་དགྲ་ནག་ཏུ་འཛིན་འདུག་པས། ཁྱེད་རང་སྲོག་མགོ་ཐོན་ས་མ་རེད། དེ་ལས་ཁྱེད་རང་དགོན་བདག་བླ་མའི་མིང་དང་། དགོན་པའི་དབང་ཆ་དོར་ནས་དགོན་པ་ལས་དགོང་པ་ཞུས་ཏེ། མཚམས་ཁང་རྒྱབ་ནས་དགེ་སྦྱོར་སྒྲུབ་བཞིན་ཚེ་ལྷག་བསྐྱལ་ན་ལེགས། ད་ལྟ་དགོན་པར་སྡེ་ཡི་ཞལ་འདེབས་ཐོ་རྒྱབ་པ། དངུལ་སྒོར་ཁྲི་བརྒྱ་ཕྲག་དུ་མ་ཡོད་པ་དང་། དགོན་པའི་དབུ་བླ་ནི། མཐའ་ཞུ་བླ་མ་དཔལ་མཆོག་ཡོད་པ་དང་། དགོན་པར་འགན་ཁུར་མི་ནི། མཁན་པོ་ང་ཡིན་ཁོ་ཡིན་དུ་མ་ཡོད་རེད། ད་དགོན་པར་ཁྱེད་ཡོད་མེད་ཁྱད་པར་མི་འདུག་པས། ཁྱེད་དགོན་པ་ནས་དགོང་པ་ཞུས་ཐོངས་ཞེས། ལབ་མཁན་ཤིན་དུ་མང་བ་དང་། དེར་དགོན་པར་ལོ་མང་མཉམ་དུ་གཤིབ་པས། གྲྭ་རྒན་གཉིས་ཀྱིས་ཀྱང་བླ་མ་ཁྱེད་ཀྱིས། དེ་སྔོན་དགོན་པའི་འགན་ཁུར་ནས་བསྟན་པ་དགོན་པ་ལ། ཕན་ཐོགས་བྱུང་ཡོད་པ་ཚང་མའི་ཤེས་གསལ་ལགས་ཀྱང་། ད་ལྟ་ཤོག་ཁ་དང་། ཕྱོགས་རིས་ཆགས་སྡང་འདི་དང་། བླ་མའི་མིང་དང་གོ་ས་ལ་རྩོད་པའི་ཕྲག་དོག་གི་རྐྱེན་གྱིས། ཁྱེད་ཀྱི་སྲོག་ཤོར་ས་འདུག་པས་ད་དགོན་པ་འདི་ནས། དགོང་པ་ཞུས་ནས་དགེ་སྦྱོར་ཅི་འགྲུབ་མཛོད། ཁྱེད་ཀྱིས་བླ་མའི་མིང་དང་དགོན་པའི་འགན་ཁུར་བསྡད་ན། ཁོང་རྣམ་པས་ཁྱེད་ལ་བཤད་རྒྱུ་རྫོ་རྒྱུ་ཅི་རྙེད། དཀར་ནག་ཕྱིན་ཅི་ལོག་པའི་ཞྭ་མོ་འགབ་ཅི་ཐུབ་བྱེད་པ་དང་། མ་ཚད་མངོན་ལྐོག་གཉིས་ནས་གནོད་པ་གང་ཐུབ་བྱེད་བཞིན་འདུག་པ་མཐོང་གསལ་འདི་ལྟར་ན། ཁྱེད་འདིར་དགེ་བ་མི་འགྲུབ་པས་མི་ཚད། ཐ་ན་ཁྱེད་གྲི་རུ་གསོད་པའི་ཉེན་ཁ་འདི་འདྲ་འདུག་པས། ད་བླ་མ་ཁྱེད་ལོ་ན་ཡང་ཆེན་པོ་སླེབས་ཟིན་པས། འདིར་མ་བཞུགས་པར་དགེ་བ་གང་འགྲུབ་མཛོད་ཞེས་གསུང་བྱུང་བས། དེར་ཕྲན་གྱིས་བསམ་བློ་ཡང་ཡང་བཏང་བས། སྔོན་མ་དགོན་པ་ལོ་རེ་བཞིན་ཉམས་རྒུད་དུ་འགྲོ་བའི་སྐབས་སུ། བླ་མ་མཁན་པོ་སྐུ་གཤེགས་དེ་གཉིས་ཀྱིས། བཀའ་མངག་དང་ཐུགས་རེ་ལྟར། དགོན་པའི་ལས་འགན་ཡོངས་རྫོགས་ཁུར་ནས། དགོན་པའི་དོན་དུ་བྱ་བ་ལས་དཀའ་ཏོག་ཙམ་སྒྲུབ་པ་ཡིན་ལ།  ད་ལྟ་དགོན་པར་མང་ཚོགས་ཀྱིས་ཞལ་འདེབས་ཕུལ་ནས། དགོན་པར་དཔལ་འབྱོར་ཡོད་པ་དང་། མིང་ཙམ་གྱི་སྒོམ་སྒྲུབ་བསྟན་པ་ཞིག་ཚུགས་ཐུབ་པ་བྱུང་བ་འདི། རྩོད་འཁྲུག་དང་དགྲ་གྱོད་ཀྱི་རྐྱེན་པས། རྩ་མེད་འགྲོ་བའི་ཉེན་ཁ་ཆེ་ལ། དེ་སྔོན་ཕྲན་གྱིས་བསྟན་པ་དགོན་པ་ལ་ལྷག་བསམ་དཀར་པོས། ཚེགས་དཀའ་ལས་རྒྱབ་ནས་བྱ་བ་ལས་དཀའ་བྱས་པ་དང་། ལས་རྒྱུ་འབྲས་ལ་མ་འགལ་བས་ལས་དཀའ་ བདེན་པ་བདེན་ཐུབ། དྲང་པོ་དྲང་བཞག་ ཕྱི་གསལ་ནང་གསལ་བྱས་ཀྱང་། ཁོང་ཚོས་ཕྲན་ལ་དགའ་འགུ་ཡི་རང་བྱེད་རྒྱུ་ཕར་ཞོག་གནོད་པ་གང་ཐུབ་ཅི་ཐུབ་བྱེད་པ་དང་། ད་རུང་རྫུན་གྱི་གང་ས་གང་ལ་དཀྲུག་གཏམ་བཤད་ནས། བདེན་པ་ཁྱད་བསད་བྱེད་པ་དང་། དཀར་ནག་ཕྱི་ཅི་སློག་ནས་མ་ཉེས་ཁ་གཡོག་འགབ་ནས། རྫུན་གཏམ་དྲིལ་བསྒྲགས་བྱས་པས། དོན་ངོ་མ་མི་ཤེས་པས། གྲྭ་པ་དང་མང་ཚོགས་ཀྱི་རྫུན་གཏམ་བདེན་པར་འཛིན་དགོས་པ་བཟོ་བ་དང་། ཐ་ན་ཁས་དྲག་གི་དཔུང་པ་ངོམ་ནས། ཕྲན་བསད་རྩིས་བྱེད་དགོས་དོན་ནི། ཁོང་མཁན་པོ་གཉིས་ཀྱིས་མིང་དང་གོ་སའི་དོན་དུ་རྩོད་བཞིན་ཡོད་པ་ངས་གཟོད་གཞི་ནས་ཤེས་སོང་ལ། དེ་སྔོན་དེ་འདྲ་ཡིན་པ་མ་ཤེས་པས་འགྱོད་སོང་། ད་ཕྱིན་དགོན་པ་དར་ཞིང་རྒྱས་པ་དང་། སྒོམ་སྒྲུབ་ཀྱི་བསྟན་པ་མ་ཉམས་པས་བྱ་བ་སྒྲུབ་བསྡད་ནས། དགོན་པ་ཉམས་རྒུད་དུ་མ་སོང་ན། སུས་དགོན་པ་སྐྱོང་ཡང་ཁྱད་པར་མི་འདུག་ལ། ང་རང་མཚམས་ཁང་ཞིག་རྒྱབ་ནས། དགེ་བ་ཅི་འགྲུབ་བྱེད་དགོས་སྙམ་ལ། དེ་ཡང་ཞིབ་ཏུ་བསམ་མནོ་བཏང་བས། ཕྲན་དགོན་པ་ནས་དོན་ན་དང་པོ་བསྡད་ས་ཞིག་དགོས་ལ། མཚམས་ཁང་ཡང་གནས་སྐབས་རྒྱབ་བྱེད་མི་འདུག་པས། གང་འདྲ་བྱེད་དགོས་སམ་སྙམ། ཁྱིམ་ལས་ནི་ལོ་མང་པོའི་གོང་ནས། ཐིམ་ཐོ་སོགས་ཁག་ཁག་བྱས་ཟིན་ལ། རང་ལ་དབང་བས་ནོར་ནི་ཚེ་ཐར་བཏང་བ་དང་། ས་ཞིང་དང་ཁང་པ་ནི་མ་རྒན་ལ་སྤྲད། དེ་སྔོན་ཤི་གསོན་གྱི་དཀོར་ཟས་བྱུང་བ་ནི། རང་གིས་སྤྱོད་པ་དང་ལྷག་མ་ཏོག་ཙམ་ཡོད་པ་དགེ་ཕྱོགས་སུ་གཏོང་ཟིན། ཉེ་ལམ་ལོ་ཤས་བྱུང་བས་དཀོར་ཟས་ཅི་ཡོད་དགོན་པ་གཞུང་ལ་བཞག་ཚར་བས། ད་ལྟ་རང་ལ་མཚམས་ཁང་རྒྱབ་བྱེད་རྒྱུ་དངུལ་མི་འདུག་ལ། འགྲོ་སའི་གཏད་སོ་དང་། སྡོད་སའི་གནས་ཁང་སོགས་གང་ཡང་མེད་པའི། སྤྲང་པོ་ཞིག་ཏུ་གྱུར་འདུག་པའི། ད་ཅི་འདྲ་བྱེད་དགོས་སྙམ། འདིར་བསྡད་ནའང་ཁོང་རྣམ་པས་མ་རབ་ཀྱི་ལས་ངན་བྱེད་ནས། ཕྲན་ལ་ཞྭ་མོ་འགབ་པ་དང་། རྫུན་གཏམ་དྲིལ་བསྒྲགས་བྱེད་པ། དངོས་སུ་དགྲ་རྒྱབ་པ། ལྐོག་ནས་གོང་ལ་དབྱེན་དཀྲུག་བྱེད་པ་སོགས། མདོར་ན་ཅི་ཐུབ་གང་ཐུབ་བྱེད་ཀྱི་འདུག་པས། མཐར་ཐུག་དགོན་པའི་བསྟན་པ་ལ། གནོད་པ་འགྲོ་རྒྱུ་ལས་མ་འདས་པའི། མ་སོང་ནི་ཐབས་མེད་རེད་འདུག་སྙམ། ད་ཁོང་བླ་གྲྭ་རྣམ་པ་དང་། འགོ་ཁྲིད་ཚོར་ཡི་གེ་ཞིག་ཕུལ་ནས། མཚམས་ཁང་རྒྱབ་བྱེད་དགོན་པ་ལས། མ་དངུལ་ཏོག་ཙམ་རོག་སྐྱོར་བྱེད་རོགས་ཞེས་གྲོས་བྱེད་རོགས་ཞེས་རེ་བ་ཞུས་ནས། དེ་མཚམས་དགོན་པ་ནས་དོན་དགོས་པ་འདུག་སྙམ་ནས།  དགོང་ཞུ་ཡི་གེ་འདི་བྲིས་ཏེ། འགོ་ཁྲིད་ཁ་ཤས་དང་། བླ་གྲྭ་ཁ་ཤས་བཅས་ལ་སྤྲད་པ་ཡིན་པས། ཡི་གེ་འདི་ལྟར་རོ། ༼་་དགོང་ཞུ་ཡི་གེ་་་༽ ༼་་ཁྱུང་ནག་དགོན་པའི་བླ་གྲྭ་རྣམས་དང་། ལྷ་མཐོང་ཚུན་ཙུའུ་འགོ་ཁྲིད་དེ་བཞིན་མང་ཚོགས་བཅས་ལ། ཕྲན་ནི་དང་པོ་བླ་མ་མཁན་པོ་དམ་པ་དེ་གཉིས་ཀྱི་བཀའ་མངག་དང་། འགོ་ཁྲིད་འགའ་དང་མང་ཚོགས་ཀྱི་རེ་འདུན་བཞིན། དགོན་པར་ཞུགས་ཏེདམངས་བདག་ཨུ་ལྷན་གྱི་ བཀའ་བཀོད་དང་ལེན་བྱས་ཡོད། དེ་རྗེས་༡༩༩༩་ལོར་བླ་རྒན་ཞིང་ལ་ཕེབས། དགོན་པའི་འགན་ཁུར་མཁན་པོ་བསམ་དགེ་དང་། དབུ་མཛད་ཡས་རབ་སོགས། ལང་ཚོ་དར་ལ་བབས་པའི་རྐྱེན་ལས། བོན་འཆད་ཉན་སྒོམ་སྒྲུབ་བྱེད་དེ། དགོན་པར་བསྡད་མ་ཐུབ་པར། མཁན་པོ་དང་དབུ་མཛད་དགོན་པའི་འགན་ཁུར་ཞེས་པའི། མིང་འཛིན་པའི་དོད་པོར། དགོན་པར་ཟླ་བ་ཁ་ཤས་ལ་ངལ་རྩོལ་བྱས་པ་ཙམ་ལས། དུས་རྒྱུན་ཁྱིམ་ནང་ཕ་མ་སྤུན་མཆེད་དང་ མཉམ་དུ་འཚོ་བ་བསྐྱལ། སོ་སོའི་ཤེས་པའི་ལག་ཤེས་ཡོན་ཏན་རྣམས། གྲོང་ནག་འགྲིམ་བྱེད་མཛད་དེ་ ནག་རུ་བླ་གྲྭ་རྣམས་ལ་མིག་ལྟོས་ངན་པ་བཞག་པས། དགོན་པར་བོན་འཆད་ཉན་དང་འཚོགས་འདུ་བ། སྒྲུབ་ཁང་ལྷ་མཆོད་བཅས་ག་ལ་ཡོད་དེ། རིམ་བཞིན་དགོན་པར་བླ་གྲྭ་གཅིག་ཀྱང་སྡོད་མཁན་མེད་པར་གྱུར་པ་དང་། སྡེ་མང་ཚོགས་དང་འགོ་ཁྲིད་གྲྭ་བཙུན་བཅས། དགོན་པའི་འགན་ཁུར་དང་བླ་མ་མཁན་པོ་དབུ་མཛད་བཅས་ལ། རེ་ཐག་ཆད་ནས་ཡིད་ཆེས་མེད་པར་གྱུར་པ་དང་། དེ་རྗེས་དགོན་པའི་འདུ་ཁང་འགྱེལ་ནས་མེད་པ། འདུ་འཚོགས་ཆད་ནས་མེད་པ། དགོན་པར་གྲྭ་ཤག་མེད་པ། དགོན་པར་བླ་གྲྭ་སྡོད་མཁན་མེད་པ། སྒྲུབ་ཁང་ལྷ་མཆོད་མེད་པ། དགོན་པར་མར་བརྒྱ་མ་བཅུ་ཡང་མེད་པ། དགོན་པར་འབྲུ་རིགས་རྒྱ་མ་བརྒྱ་ཡང་མེད་པ། ལག་དངུལ་སྒོར་བརྒྱ་ཡང་མེད་པ། འདོན་ཆ་སྐོར་དཔོད་གསུམ་ལས་མེད་པ།  དགོན་པར་མེ་དང་དུ་བ་བཏང་མཁན་མེད་པ་སོགས། དགོན་པ་ཞེས་མིང་ཙམ་ལས་མེད་པར་གྱུར་པ་དང་། དེ་ནས་དགོན་པའི་འདུ་ཁང་འགྱེལ་བ་ལོ་གཉིས་ལྷག་ཙམ་སོང་ཡང་། ཞིག་གསོ་མ་ཐུབ་པར་འུ་ཐུག་ཐབས་ཟད་སྐབས། ༢༠༠༢་ལོར་ཕྲན་དགོན་པའི་འགན་ཁུར་དུ་འདམ་བསྐོ་བྱས་བྱུང་། དེ་ནས་ཕྲན་གྱི་ལོ་དུ་མའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ། ལྷོ་བྱང་གང་སར་སློང་མོ་སོང་ནས། དེའི་བརྟན་རྩ་བྱས་ཏེ་དགོན་པར། རྒྱུན་སྡོད་བླ་གྲྭ་ལ་འཚོ་བ་འགན་ལེན་བྱས་པ་དང་། འགོ་ཁྲིད་དང་མང་ཚོགས་ལ་རེ་འདུན་རྒྱབ་སྟེ། འཚོགས་འདུ་བ་བསྐྱར་གསོ་དང་སྒྲུབ་ཁང་ལྷ་མཆོད་བཞག་སྟེ། དགོན་པར་བླ་གྲྭ་སྡོད་མཁན་ཡོད་པ་གྱུར་རྗེས། བླ་གྲྭ་ལ་བསྒྲིགས་ལམ། མང་ཚོགས་ལ་སློབས་གསོ་རྒྱབ་པས། ལོ་ལྟར་བླ་གྲྭ་མང་ཉུང་མ་ལྟོས་པར། དགོན་པར་བོན་འཆད་ཉན་སྒོམ་སྒྲུབ་བྱེད་མཁན་ཡོད་པ་བྱུང་བ་དང་། དེ་ནས་དགོན་པ་ལོ་རེ་བཞིན། ཡར་རྒྱས་གོང་འཕེལ་བྱུང་ཡོད་ལ། དེ་བཞིན་བླ་གྲྭ་གཞན་དང་འགོ་ཁྲིད་མང་ཚོགས་བཅས་ཀྱི་རོགས་རིམ་དང་། རྒྱབ་སྐྱོར་ཞལ་འདེབས་ཕུལ་ནས་ཕྱར་བ་གྲུ་འདེག་བྱས་པ་ཡང་ཅི་སྨོས། དེ་རྗེས་ཕྲན་གྱི་ཡོངས་འབེབས་དགོན་པར་བཞག་ནས་ཕྲན་གྱི་འགྲོ་སོང་། དགོན་པའི་གཏོང་ཡོང་ཞེས་རྫོང་ཁྲོད་དུ་གྲོས་བྱེད་སྐབས། ནག་རུའི་བླ་གྲྭ་ཡོང་དང་། འགོ་ཁྲིད་ཚང་མའི་བདག་ལ་རེ་བ་བཏོན་པ་བཞིན། ཕྲན་གྱི་མོས་མཐུན་བྱས་ཡོད་ལ། ཕྲན་གྱི་དེ་དོན་ལག་ལེན་བསྟར་ཏེ། ཤི་གསོན་གྱི་བཀོར་ཟས་ཚང་མ་དགོན་པར་བཞག་ཡོད། དེ་རྗེས་དགོན་པར་མང་ཚོགས་ཀྱི་ཞལ་འདེབས་ཕུལ་ནས། སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་ཡོད་པ་བྱུང་བ་དང་། དེ་སྔོན་ཕྲན་གྱིས་ལོ་ཤས་ཀྱི་དཀོར་དགོན་པར་བཞག་ཟིན་པ་ཕུད། ན་ནིང་ངས་ཁྲི་བཅུ་འགོ་ཁྲིད་དང་བླ་གྲྭ་ཚང་མ་ཡོད་སར་དགོན་པར་བཞག་སྐབས། ཡས་རབ་གྱིས་ངས་དངུལ་དགོན་པར་བཞག་མི་དགོས་ཟེར་བས། དངུལ་གཉེར་ནས་ངས་བཞག་པས་དངུལ་བླང་མ་སོང་ཡང་། རྗེས་སུ་དགོན་པར་དངུལ་མཁོ་བས། ངས་དངུལ་དགོན་པར་གཡར་བའི་མིང་ཐོག་ནས་དགོན་པར་གཏོང་ཡོད། དེ་བཞིན་དགོན་པར་ལོ་མང་པོར། ཚེག་དཀའ་ལས་རྒྱབ་ནས་རྒས་སོང་། ད་ལོ་ན་ནིང་དགོན་པར་བླ་གྲྭ་སྡོད་མཁན་ཡོད་པ་དང་། དཔལ་འབྱོར་ཡོད་པ། འདུ་འཚོགས་ཡོད་པ། སྒྲུབ་ཁང་ཡོད་པ། སྒྲུབ་གྲྭ་ཡོད་པ་སོགས་ཐམས་ཅད་ཡོད་པར་གྱུར་རྗེས། སེམས་པ་ནག་པའི་ལས་འབྲས་ལ་མི་བརྩི་བ་དང་རྫུན་དང་། དབྱེན་སྦྱོར་དཀྲུག་གཏམ་བཤད་བཤད་ཀྱི་གོམ་འདྲིས་ལབ་པའི། སེར་ཆས་ཅན་ཁ་ཤས་ཀྱི། ཕྲན་ལ་སྐྱོན་བཏག་རྒྱུ་ཅི་རྙེད་དང་། མ་ཉེས་ཁ་ཡོག་འགབ་ཅི་ཐུབ་བྱས་ཏེ། དཀར་ནག་ཕྱིན་ཅི་ལོག་ཏུ་བཤད་དེ། མ་བཤད་པ་བཤད་སོང་ཟེར་ནས། མ་རབ་ཀྱི་ལས་དཀའ་ངན་པ་ཐམས་ཅད། བསམ་མནག་གཡོ་རྒྱུ་ཅནཁ་མཁས་ཁོང་རྩུབ། ཁོ་ཚོའི་བྱས་ཤིང་རྐུ་ལྷད་རྫུན་ལྷད་ཀྱི་ཞྭ་མོ་དེ། ང་ལ་བཀབ་འདུག་ལ་མདོར་ན་དགོན་འདིར། མ་ལེགས་པའི་དོན་བྱུང་བ་ཐམས་ཅད། ངས་བྱས་པ་རེད་ཟེར་ནས་གསོན་མིག་ཐལ་འགེབས་བྱས་འདུག་ཀྱང་། ངས་ལས་དཀའ་དེ་དག་ལས་རྒྱུ་མི་དགོས། སེམས་ལ་ཡང་དྲན་མ་མྱོང་བ། ཚང་མ་ངས་བྱས་པ་རེད་ཅེས་པ་སོགས། དེ་དང་དེ་འདྲའི་ཞ་མོ་མང་པོ་བཀབ་ཡོད་པ་ངས་དེ་རིང་ཁར་སེང་། གཞི་ནས་ཐོས་སོང་དེ་ལྟར་གྱི་ལས་དཀའ་ངན་པ། ངས་བྱས་མ་མྱོང་བའི་མ་ཚད། མདོར་ན་ངས་དགོན་པ་དང་བླ་གྲྭ་ལ་གནོད་པའི་ལས་དཀའ་སྣ་གཅིག་བྱེད་མ་མྱོང་བས། ང་ལ་གནང་འགྱོད་རྩ་བ་ནས་མེད། ང་ལ་ཡིད་ཆེས་མཁན་ཡོད་ན། ངས་བཤད་པ་ཐམས་ཅད་བདེན་པ་ཡིན། དགོན་པ་འདི་ནས་ཁྱོད་ཚོར་ངས་འདི་བྱས་འདི་བཤད་ཅེས། དཀྲུག་གཏམ་བཤད་མཁན་སུ་འདུག་ན། ལས་དཀའ་ངན་པ་དེ་དག་ཁོ་ཡི་བྱས་ནས། ང་ལ་མ་ཉེས་ཁ་ཡོག་བཀབ་པ་རེད། ཁྱོད་ཚོ་རྫུན་གཏམ་དང་དཀྲུག་གཏམ་ལ་དགའ་མཁན་ཚོས། དུས་ནམ་ཡང་དེ་འདྲའི་རྫུན་གྱིས་དཀྲུག་གཏམ་ལ་ཉོན་ནས་སྡོད། དཔེར་ན་མཁན་པོ་བསམ་དགེའི་ཀྱང་། ང་ལ་སྔ་དྲོ་ལྡེ་མིག་མེད་ཟེར་ལ་ཕྱི་དྲོ་ལྡེ་མིག་ཡོད་ཟེར་ནས། ཉིན་གཅིག་ལ་རྫུན་ཐིང་གཉིས་བཤད་བྱུང་ལ། ཡས་རབ་ཀྱིས་ཆོས་དོན་ཅུས་ནས་རྫུན་བཤད་དེ། ང་ལ་མ་ཉེས་ཁ་ཡོག་བཀབ་བྱུང་བས་མཚོན། དེ་དང་དེ་འདྲའི་རྫུན་གཏམ་གང་མང་བཤད་ཡོད་པ་ཅི་སྨོས། ཕྲན་གྱིས་དགོན་པར་དངུལ་དང་འབྲུ་མར་སོགས། དཔལ་འབྱོར་དགོན་པར་བཞག་པ་དང་། དགོན་པའི་དོན་དུ་འགན་ཁུར་ནས་སྐད་ཆ་བཤད་པ། ཚེགས་དཀའ་ལས་རྒྱབ་པ་སོགས། ངས་དགོན་པར་ཕན་པའི་བྱ་བ་ཞིག་འགྲུབ་པ་ཡིན་ན། དེ་ལ་མིང་ཆེན་འཛིན་པ་འགའ་ཤིན་ཏུ་སྙིང་མི་དགའ་བར་། ཕྲན་ལ་གནོད་སེམས་འཆང་བ་དང་། ངས་དགོན་པར་ཕན་པའི་བྱ་བ་སྒྲུབ་པ། མཐོང་ཐོས་དང་ཤེས་རྟོགས་བྱུང་ན། དེར་རོགས་ཕན་བྱེད་རྒྱུ་ཕར་ཞོག་ལྐོག་གཡོ་ངན་ཇུས་བཀོད་དེ། བསམ་ངན་སྦྱོར་རྩུབ་ཀྱི་རྫུན་དང་ཕྲ་མའི་གནོད་པ་ཅི་ཐུབ་བྱེད་ནས། ང་ལ་གནོད་བསྐྱལ་ཞོར་དགོན་པའི་བསྟན་པ་ལ་གནོད་ནའང་ཅི་མི་སྙམ་པར། ཉེན་མཆོང་བྱེད་པ་དེའི་རྒྱུ་མཚན་ཅི་ཞིག་ལགས་སམ། དེ་ནི་དགོན་འདིར་མིང་ཆེན་འཛིན་པ་འགའ་རེ། ལོ་མང་པོ་ལ་ངས་དགོན་པའི་ཆེད་དུ། ལས་དཀའ་བྱེད་སྟངས་ལ། སྐྱོན་བཏག་སྟེ་ལྐོག་བཤད་བྱེད་བཞིན། དལ་དལ་ལྷོད་ལྷོད་ཀྱི་གྲོང་ནག་ཏུ་ཕ་ཁྱིམ་མ་ཁང་ལ་འཟའ་ཉོབ་དང་མཉམ་དུ་འཚོ་བ་བསྐྱལ། ཕྲན་གྱིས་ལོ་མང་པོ་དགོན་པར་དཀའ་ལས་རྒྱབ་པའི་འབྲས་བུ་ལས། དགོན་པར་དཔལ་འབྱོར་ཡོད་པ་དང་། བོན་འཆད་ཉན་སྒོམ་སྒྲུབ་སོགས། གང་ས་ཅི་ཐད་ནས་བཤོ་སྲོལ་ལེགས་པོར་ཚུགས་ཐུབ་སྐབས། ཁོ་ཚོས་ཕྲན་བསད་དེ་དགོན་པ་བདག་འཛིན་བྱས་ན། བོན་འཆད་ཉན་སྒོམ་སྒྲུབ་ཚུགས་ཟིན་པ་འདི། བཙའ་སྐྱོང་བྱེད་མི་ཐུབ་རྒྱུ་མེད་པ་དང་། དགོན་པར་དངུལ་སོགས་གང་དགོས་ཡོད་པས། དགོན་པར་ལྷ་འབྲི་བརྟེན་བཞིང་དང་། གསེར་ཕྲུ་རྒྱ་ཕིག་སོགས་རྒྱབ་པ་ལས་སླ་བས། ད་ཚེག་དཀའ་ལས་ལོ་མང་རྒྱབ་མ་དགོས་པར། མིང་སྙན་གྲགས་ཆེན་པོ་ཞིག་དང་། འཁོར་ལོངས་སྤྱོད་མང་པོ་ཞིག་ཐོབ་ས་འདུག་ བསམ་ནས་མ་རུང་ཁོག་བཅང་གིས། མང་ཚོགས་དང་བླ་གྲྭ་ཁོག་སྦྱོང་སྟེ། བདེན་རྫུན་གོ་ལྡོག་པའི་དཀྲུག་གཏམ་བཤད་པ་ལ། ཕྱོགས་རེས་དབང་གིས་ལས་འབྲས་མི་བརྩི་བས། གྲྭ་པ་འགའ་དང་མང་ཚོགས་བླུན་པོ་ཁ་ཤས་ཡིད་ཆེས་སྲིད་པ་ལས། དེ་མིན་འགོ་བསྐོར་གཏོང་མ་ཐུབ་པས། དེ་ནས་སྒྲུབ་གྲྭའི་དགེ་སློབ་ཚོས་རྡོ་དང་དབྱུག་པའི་ཕྲན་བསད་གྲབས་བྱས་སོང་ལ། ད་རུང་ད་ལོ་ཤི་གསོན་ཇི་ཡོང་ཤེས་ས་མི་འདུག་ལ། གལ་སྲིད་མ་ཤི་ཙམ་བྱུང་ཡང་དགོན་འདིར་ཕྲན་གྱི་བླ་མའི་མིང་དང་།  ཀྲུའུ་རིན་གྱི་གོ་ས་འཛིན་བསྡད་ན། ཕྲན་སྔ་ཕྱི་མ་གཏོག་གྲི་རུ་འཆི་ས་འདུག་ལ། ཁོ་ཚོས་ལ་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། དགོན་བདག་བླ་མའི་མིང་དང་། གོ་ས་ཐོབ་ཐང་ཁྲི་བཅས་ལ་རྩོད་བཞིན་ཡོད་པ་། ངས་ད་ལྟ་གཞི་ན་ཤེས་སོང་ལ། དེ་སྔོན་ཁོང་ཚོས་བླ་མའི་མིང་དང་གོ་ས་ལ་རྩོད་པ་ངས་མ་ཤེས་པས་འགྱོད་སོང་། ད་ནི་ངས་དགོན་བདག་བླ་མའི་མིང་དང་། ཀྲུའི་རིན་གྱི་གོ་ས་འཛིན་འདོད་རྩ་བ་ནས་མི་འདུག་ལ། དགོན་པའི་དབུ་བླ་ཟེར་བས་མིང་སྟོང་པ་དང་། དགོན་པའི་ཀྲུའུ་རིན་ཟེར་བས་མིང་སྟོང་པ་འདི་དག་དོར་ཏེ། དགོན་པ་ལས་དགོང་པ་ཞུ་རྒྱུ་ཡིན། དེ་སྔོན་ཕྲན་དགོན་པར་འགན་ཁུར་བསྡད་པའི་དམིགས་ཡུལ་ནི། དགོན་པར་བཤད་སྒྲུབ་སྒོམ་པའི་བསྟན་པ་ཚུགས་ཐུབ་པའི་རེ་བ་བྱེད་པ་ཡིན་པས། ད་ཕྱིན་ཁོང་རྣམ་པས་དགོན་པར་རབ་ནི་བཤད་སྒྲུབ་སྒོམ་གསུམ་ཚུགས་ཐུབ་པ་དང་། འབྲིང་ནི་སྒོམ་སྒྲུབ་ཀྱི་བསྟན་པ་ཚུགས་ཟིན་པ་འདི། མ་ཉམས་གོང་འཕེལ་དང་། བླ་གྲྭ་སེར་མོ་བ་ཚོས། བསླབ་པ་སློབ་གཉེར་དང་། སྒོམ་སྒྲུབ་ཉམས་ལེན་གྱི་བསྟན་པ་འཛིན་བསྡད་ན། སུས་བསྟན་པ་སྐྱོང་ཡང་ཁྱད་པར་ཅི་ཡོད། དེ་ཕྱིར་དགོན་པར་མཐའ་ཞུ་བླ་མ་དགོས་ན། མཐའ་ཞུ་བླ་མ་དཔའ་མཆོག་བཞུགས་ཡོད་ལ། དེ་བཞིན་དགོན་པར་འགན་ཁུར་མི། མཁན་པོ་མང་པོ་ཡོད དེ་ཕྱིར་ཕྲན་དགོན་པ་ནས་དགོང་པ་ཞུ་རྒྱུ་དང་། ང་དགོན་པ་ལས་ཐོན་ཁ་རེ་བ་གསུམ་ཡོད། དང་པོ་ནི་གྲྭ་པ་ཞིག་ཡིན་ན་རྩ་བཞིའི་སྡོམ་པ་སྲུང་དགོས་པས། རྩ་བ་བཞི་ལས་རྫུན་ནི་གཅིག་རེད། རྫུན་བཤད་ན་སྡོམ་པ་ལོས་ཉམས། དེས་ན་གྲྭ་པ་ཡིན་ན་རྫུན་གཏམ་མ་ཡིན་པའི། བདེན་པ་བདེན་ཐུབ་ཀྱི། དེ་སྔོན་ངས་དགོན་པར་ལས་བཟང་ངན་གང་བྱས་ཐམས་ཅད། མ་ཉེས་ཁ་གཡོག་མ་བཀབ་པ་དང་གསོན་མིག་ཐལ་འགེབ་མ་བྱས་པར། བདེན་པར་ངོས་ལ་བཤད་རོགས། དེ་སྔོན་ངས་དཔལ་འབྱོར་གཏོང་ཡོངས་ཚང་མ་རྩིས་ཞིབ་ཕྲ་ཞིག་གཏུག་རོགས། སུས་དཔོན་ངན་གཡོག་སྲུག་བྱས་པ་བརྟག་དཔྱད་བྱེད་རོགས། གཉིས་ནས་ང་དགོན་པ་ནས་དོན་ཀྱང་སྡོད་ས་མེད་པའི། མཚམས་ཁང་རྒྱབ་སའི་ས་ཆ་དང་། ཁང་པ་རྒྱབ་བྱེད་མ་དངུལ་སྒོར་་་ལྷག་ཙམ་དགོན་པ་གཞུང་ནས་སྤྲད་རོགས། ཕྲན་ན་སོ་དར་ལ་བབས་སྐབས། བླ་མ་མཁན་པོ་ཞིང་ཕེབས་དེ་ཚོས་བཀའ་མངག་དང་ཐུགས་རེ་ལྟར་གནང་བ་ལྟར། ནག་རུ་དགོན་པར་ཞུགས་པ་དང་། ལོ་༣༠་ནས་དགོན་པའི་བླ་མའི་མིང་འཛིན་ནས་དགོན་པའི་འགན་ཁུར་ཏེ། ལོ་མང་པོར་ཚེག་དཀའ་ལས་རྒྱབ་ཆེ་བས། འབྱུང་ཕུང་ནད་ཀྱི་མནར་ཡང་དགོན་པའི་ཆེད་དུ་དཀའ་ལས་རྒྱབ་སྟེ་རྒས་སོང་། ད་ཕོ་ལོ་བཞི་བཅུ་ཞེ་གཉིས་ལ་སླེབས་པ་དང་། དེ་སྔ་གྲྭ་ཤག་ཙམ་ཡང་མ་རྒྱབ་པར། དགོན་པ་རང་ལ་དཀའ་ལས་རྒྱབ་པ་ཡིན་ཀྱང་། ད་ནི་སྲོག་མགོ་མི་ཐོན་འདུག་པས། མ་སོང་ཐབས་མེད་བྱུང་ཡང་འགྲོ་སའི་གནས་ཁང་མེད། གསུམ། ཁྲེལ་དང་ཕྱི་ཐག་རིང་ཞིང་དྲིན་ལན་དྲིན་གྱི་འཇལ་བས། ནག་རུ་སྡེ་དང་འགོ་ཁྲིད་གྲྭ་པ་བཅས་ལས་མང་ཆེ་བ། ང་ཚོ་ཕན་ཚུན་དམ་ཚིག་གི་འབྲེལ་བ་ཡོད་པ་ལ་བསམ་ཏེ། གྱང་ཁའི་རྩ་ལྟར་འགྱུར་ལྡོག་མི་བྱེད་པར་གཞུང་བཟུང་ནས། བདེན་པ་བདེན་ཐུབ་བྱེད་པ་ལ། དཀའ་དྲིན་ཆེ་ཞུ་རྒྱུ་དང་། ཕྲན་དགོན་པ་འདིར་བསྡད་ན། གྲི་ཤི་མི་འགྲོ་བའི་ངེས་པ་མི་འདུག་པས། ཕྲན་སྲོག་མགོ་ཐོན་ཆེད་དགོན་པ་ལས་དགོང་ཞུ་བྱེད་པ་ལ། ཁྱེད་ཚོས་བློ་བབས་མོས་མཐུན་བྱེད་རོགས་ཞེས་ཞུ་ཞུ། ཁྱེད་ནག་རུའི་བླ་གྲྭ་དང་། སྡེ་མང་ཚོགས། འགོ་ཁྲིད་རྣམ་པའི་ཀྱང་། དེ་སྔ་ངས་དགོན་པར་འགན་ཁུར་བའི་རིང་ལ། རྒྱབ་སྐྱོར་རོགས་རིམ་ཆེན་པོ་བྱས་པ་ལ། སྙིང་ཐག་པ་ནས་དཀའ་དྲིན་ཆེ་ཞུ་ཞེས་འོད་རྒྱས་པས་༢༠༡༣་་་༣་་་༣༡་་ཉིན།། འདི་ཚུན་དང་རུ་ཁག་གི་འགོ་ཁྲིད་རྣམས་དང་། གྲྭ་པ་འགའ་ལ་སྤྲད་ནས་འདི་དོན་གྲོས་བྱེད་རོགས་ལབ་ཀྱང་། དོན་སྨིན་མ་བྱུང་བར་ཡུན་རིང་ལུས་སོང་། ད་ལྟ་འདི་དགོས་པའི་དབང་གིས་འཁྲི་སྣོན་ཏོག་ཙམ་བྱས་ཡོད།  དེ་རྗེས་ཚུལ་ཉི་དང་། བསམ་དགེ་ ཡས་རབ། བཟོད་པ། བློ་ལྡན། སོགས་གྲྭ་པ་སྒེར་སོ་ལའང་། ང་དགོན་པ་ནས་དགོང་པ་ཞུས་པ་ལྟར་མོས་མཐུན་བྱེད་རོགས། ངས་དེ་སྔ་ད་བར་དུ་ཁ་རྗེ་དབང་ཐང་གང་ཡོད་དགོན་པར་ཕུལ་བ་དང་། སྒོ་གསུམ་གྱི་ནུས་པ་ཅི་ཡོད་དགོན་པར་ཞབས་ཞུ་སྒྲུབ་ཡོད་པས། ད་ང་དགོན་པར་བསྡད་ཀྱང་སྲོག་མགོ་ཐོན་ས་མི་འདུག་ལ། ཁྱིམ་ཟེར་བའི་སྡོད་ས་ནི་ཕྲན་ལ་མེད་པའི། ཕྲན་སྡོད་ས་གྲྭ་ཤག་གམ། མཚམས་ཁང་རྒྱབ་བྱེད་དགོན་པ་ནས། དངུལ་སྒོར་་་ལྷག་ཙམ་སྤྲད་རོགས་ཞུ་རྒྱུ་དང་། ད་ཕྱིན་ཁྱེད་ཚོར་ཞེ་འཁོན་དང་། གནོད་སེམས་ནི་རྩ་བ་ནས་མེད་ཞེས་རེ་ཞུ་ཡི་གེ་སྒེར་སོ་སོ་ལ་ཕུལ་བས། གཞན་སུས་ཀྱང་འདི་གྱིས་དེ་གྱིས་སོགས་བཤད་རོགས་མ་བྱས་པར་ལུས་སོང་ལ། ཡས་རབ་ནས་ཕྲན་ལ་སྙན་ཞུ་ཞེས་པའི་ཡིག་ལན་ཞིག་སྤྲད་བྱུང་བ་དེར་དང་པོ་ཕྲན་ལ། ཁོང་སྒེར་གྱི་དངུལ་མི་སྤྲད་ཟེར་བ་དང་། དངུལ་སྤྲད་རོགས་ཟེར་བ་དེ། ཁྲིམས་དང་མཐུན་མ་རེད་སོགས་དང་དེ་ནས་འདི་ལྟར་བྲིས་འདུག་སྟེ། ༼་་ང་རང་གཉིས་བསྒྲིགས་ཁོངས་འདིའི་ནང་ལ་ཞུགས་ཀྱང་ཕན་པ་བས། གནོད་ཚབ་ཆེ་སྟབས་རང་མལ་ཁྱིམ་དུ་ལོག་ནས། ལྟོ་གོས་ངན་ངོན་ཙམ་བྱས་ན་སྙམ།་་ ཞེས་བྲིས་ཏེ་ངེད་གཉིས་ཀ་ཁྱིམ་དུ་ལོག་དགོས་པའི། གྲོས་འགོ་བཏོན་འདུག་ཀྱང་། ཡས་རབ་ཁོང་ཁྱིམ་དུ་ལོག་འདོད་ན།  དེ་སྔོན་སུས་ཀྱང་བཀག་འགོག་མ་ཐུབ་པ་དང་། ད་རུང་བཀག་འགོག་མི་ཐུབ་ནའང། ཕྲན་ཁྱིམ་དུ་ལོག་འགྲོ་ས་མེད་པས། མཚམས་ཁང་ཞིག་ཐོན་ན་དེར།  མིང་གྲགས་དང་། ཐོང་ཐང་དབང་ཆ་བཅས་མི་གཉེར་བར་དགེ་སྦྱོར་སྒྲུབ་བཞིན་སྡོད་འདོད་ཆེའོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.