ཁྱུང་རབས་གོང་མཐུད་
ཞར་བྱུང་དཀར་ནག་ནང་འཁྲུག་བྱས་པའི་སྐོར།
དཀར་ནག་ནང་འཁྲུག་བྱས་པས་རྒྱུ་རྐྱེན་སྐོར་ནི་བོད་རྒྱ་སོག་དང་གསུམ་ལ་འབྲེལ་ནས་ཡོད་པའི་དང་པོ་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་གླང་དར་སྐབས་བོད་བཙན་པོའི་རྒྱལ་རབས་འཐོར་ནས་བོད་སིལ་བུར་གནས་སྐབས་སྤྱི་ལོའི་དུས་བཅུ་གཉིས་པའི་ནང་ཧོར་གྱིས་་བོད་ཡོངས་དབང་དུ་བསྡུས་ནས་མདོ་ཁམས་སུ་དཔོན་པོ་ཨ་བླ་དང་དབུས་གཙང་དུ་ཁྲི་དཔོན་ས་སྐྱ་བསྐོས་དེ་རྗེས་ས་སྐྱའི་སྲིད་དབང་ཕག་གྲུའི་འཕྲོགས། མིང་གོང་མའི་ཕག་གྲུ་དབུས་གཙང་གི་དཔོན་དུ་བསྐོས་དེ་རྗེས་ཕག་གྲུའི་སྲིད་དབང་གཙང་པ་སྡེ་སྲིད་ཀྱི་འཕྲོག། དེ་རྗེས་དགེ་ལུགས་པའི་སོག་པོ་གུ་ཤི་བསྟན་འཛིན་ཆོས་རྒྱལ་གྱི་དམག་དཔུང་བོད་དུ་ཁྲིད་ཡོང་ནས་གཙང་པ་སྡེ་སྲིད་བསད་དེ་བོད་ཀྱི་དམག་སྲིད་དབང་ཆ་སོག་པོའི་ཆུ་རྟ་ལོ་ནས་བཟུང་ཆུ་འབྲུག་༼༡༦༥༢༽ལོར་རྒྱལ་དབང་ལྔ་པ་རྒྱལ་ནང་དུ་གོང་མ་ཤུན་རྩི་མཇལ་བར་ཕེབས་གོང་མས་ཏྭ་ལའི་བླ་མ་ཞེས་པའི་མཚན་དང་འཇའ་ས་ཐམ་ག་བཅས་གནང་ནས་བོད་ཀྱི་ཆོས་སྲིད་ཀྱི་བྱེད་པོ་བསྐོས།
དེ་ནས་བཟུང་སོག་པོ་གུ་ཤྲ་རིའི་མི་རྒྱུད་ཀྱིས་དམག་སྲིད་དབང་ཆེན་བཟུང་ཏེ་བོད་ལ་བསྡད་མཐར་གུ་ཤྲ་རིའི་མི་རྒྱུད་ལྷ་བཟང་ཧན་གྱིས་༼༡༧༠༥༽ཤིང་བྱ་ལོར་སྡེ་སྲིད་སངས་རྒྱས་རྒྱལ་མཚོ་དཀྲོངས་ཏེ་ཆོས་སྲིད་དམག་གི་དབང་ཆ་ཚང་མ་བཟུང་། དེར་དགེ་ལུགས་པས་སླར་ཡང་སོག་པོ་ཇུན་གར་བའི་དམག་དཔུང་བོད་དུ་ཁྲིད་ནས་སོག་པོ་ལྷ་བཟང་ཧན་བསད་དེ་བོད་ཀྱི་དམག་སྲིད་དབང་ཆ་སོག་པོ་ཇུན་གར་བས་བཟུང་ནས་བོན་པོ་དང་། བཀའ་རྒྱུད། ས་སྐྱ། རྙིང་མ་བཅས་ཀྱི་དགོན་སྡེ་མང་པོ་དགེ་ལུགས་པར་ཞྭ་བསྒྱུར། དེའི་སྐབས་སོག་གྲུ་ཁུག་གཡུང་དྲུང་གླིང་སོགས་ཞྭ་བསྒྱུར་མ་ཐུབ་པས་དགོན་པ་མེ་ལ་བསྲེགས། བླ་གྲྭ་དམར་བསད་བཏང་། རྒྱུ་ནོར་བཙན་འཕྲོག་བྱས་པ་སོགས་གདུག་རྩུབ་ཤིན་དུ་ཆེ། སྐབས་དེར་རྒྱ་ནག་གོང་མའི་དམག་དཔུང་དང་པོ་བོད་དུ་ཡོང་བ་དམག་ཕམ། དེ་རྗེས་གོང་མའི་དམག་དཔུང་ཐེངས་གཉིས་པ་བོད་དུ་ཡོང་ནས་༼༡༧༢༠༽ལྕགས་བྱི་ལོར་སོག་པོ་ཇུན་གར་བའི་དམག་དཔུང་བོད་ནས་མཐར་བསྐྲད། བོད་ཀྱི་ཆོས་སྲིད་བྱེད་པོ་ཏཱ་ལ་དང་པན་ཆེན་གཉིས་བོད་སྡོད་ཨམ་བན་དང་བཀའ་བློན་བཞི་བཅས་བསྐོ་འཛུགས་བྱས་སོ༎ཧོར་ཁྱུང་འདི་ཡང་དང་པོ་ཡོན་གོང་མའི་མངའ་འོག་ཏུ་གཏོགས་པས་སོག་དུས་ཟེར་ཞིང་ནང་ཁུལ་དུ་ཚོ་པ་བདུན་བཅུ་དོན་དགུ་ཡོད། དེ་རྗེས་༼༡༧༣༡༽ལོར་དེམ་ཆི་སོགས་ཚོ་པ་བཞི་བཅུ་མཚོ་སྔོན་ལ་སྦྱར། ཧོར་ཁྱུང་ཚོ་པ་སོ་དགུ་འདི་ཟི་ཁྲོན་དུ་སྦྱར་སྐབས་རྒྱ་དུས་ཟེར། ཆུ་ཁྱི་༼༡༧༣༢༽ལོར་ཆིང་གོང་མའི་བོད་ས་གནས་སྲིད་གཞུང་ཚུར་བསྒྱུར་ཏེ་བོད་སྡེ་པ་གཞུང་ནས་བདག་སྐྱོང་བྱས་པའི་བོད་དུས་ཟེར། ༧ དཀར་ནག་དངོས་སུ་འཁྲུག་པའི་སྐོར།
དཀར་ནག་དངོས་སུ་འཁྲུག་པའི་སྐོར་ལ་ཁྱུང་དཀར་སྟེང་ཆེན་དུ་ཁྱུང་པོ་རྣམ་རྒྱལ་བཞུགས་སྐབས་བྲག་གཡབ་སྐྱོང་ཚང་གི་བློ་བཟང་ཞེས་པའི་བུ་རྒན་པ་ཨ་རྦང་དང་ཆུང་བ་མཐུ་སྟོབས་གཉིས་ཁྲིད་ནས་སྟེང་ཆེན་དུ་ཡོང་ནས་དཀར་རུ་ཚང་ལ་མགོ་བཏགས་ཞུས་ནས་བསྡད། དེ་རྗེས་ཁྱུང་དཀར་གདུང་རྒྱུད་ཆད་པས་དེ་དུས་དཀར་ནག་སེར་གསུམ་སྤྱི་ཁྱབ་དཔོན་རྒན་པོ་ཁྱུང་ནག་ཚེ་དབང་བསྟན་འཛིན་དབང་རྒྱལ་ཡིན་པའི་སྟེང་ཆེན་དུ་ཁྱུང་དཀར་ནག་སེར་གསུམ་གྱི་ཐུན་མོང་རྟེན་གསུམ་བཞུགས་ཡུལ་བུམ་ཁྲ་ལྷ་ཁང་ལ་བཞུགས། དེ་རྗེས་སྐྱོང་ཚང་ཨ་རྦང་སྤུན་གཉིས་ཀྱིས་དཀར་རུ་དཔོན་གནས་བེ་ཧུ་གོ་གནས་བཟུང་བས་མ་ཚད། སྤྱི་ཁྱབ་རྒན་པོ་ཚེ་དབང་བསྟན་འཛིན་བསད་དེ་སྤྱི་ཁྱབ་རྒན་པོའི་དབང་ཆ་ཡང་ཧམ་འཕྲོག་བྱ་རྒྱུའི་ལྐོག་གྲོས་བྱས་པ་ཁྱུང་ནག་ཚེ་དབང་བསྟན་འཛིན་ལ་གསང་བརྡ་བྱུང་སྟབས་བུམ་ཁྲ་ལྷ་ཁང་ནས་བྲོས་ཏེ་ཁྱུང་ནག་རྫོང་དུ་བསྡད། ་དེ་ནས་བཟུང་དཀར་ནག་ནང་འཁྲུག་ལོ་གསུམ་བྱས་མཐར་བུམ་ཁྲ་ལྷ་ཁང་གི་རྟེན་གཙོ་རྣམས་ཁྱུང་ནག་ཚེ་དབང་བསྟན་འཛིན་ལ་དབང་བ་དང་དེ་མིན་རྣམས་ཚད་བགོས་བྱས། དེ་སྐབས་ཁྱུང་ནག་ལ་རྟེན་གཙོ་བོ་ཤེས་རབ་སྨྲ་སེང་། ཁྱུང་པོ་གཙོ་མཆོག་རང་བྱོན། རྟ་མགོ་གཙུག་གི་ནོར་བུ།
བཟོ་རྒྱལ་གར་མ་ལི་ཤོའི་ཕྱག་བཟོ་མཆོད་རྟེན་བཀྲ་ཤིས་དཔལ་འབར་དེའི་ནང་གཤེན་རབ་འཕེལ་གདུང་བྱ་ལྕོག་གའི་སྒོ་ང་ཙམ་བཞུགས་པ་དང་། རྟེན་སྔོན་མོ་འབྲུག་མགོ གསེར་གྲི་རྒྱ་མཚོའི་ཁོག་པ་སོགས་རྩ་ཆེའི་རྟེན་གསུམ་རྣམས་ནག་རུར་བཞུགས་ཡོད། དེ་རྗེས་ལུའུ་ཅུན་དམག་དཔུང་སྟེང་ཆེན་དུ་བསྡད་ཡོད་པའི་སྐབས་དམག་ཕོག་དང་ཁྲལ་རྐང་འགྲོ་ལག་འདོན་དཀར་ནག་སེར་གསུམ་མཉམ་དུ་བྱས་ཀྱང་ལུའུ་ཅུན་དཔོན་དམག་གི་ངོ་སོ་ཆེ་ཆུང་ལྟ་བུས་ནག་རུར་མཐོང་ཆུང་བྱས་པ་མ་ཟད་དཀར་རུས་དབྱེན་སྦྱོར་གྱི་ནག་རུ་བོད་དང་ལག་སྦྲེལ་བྱས་ཚུལ་མ་ཉེས་ཁག་གཡོགས་བྱས་པར་བརྟེན་ལུའུ་ཅུན་དམག་གིས་ནག་རུ་དཔོན་བློན་རྣམས་སང་ཉིན་སྟེང་ཆེན་དུ་ཡོང་དགོས་ཟེར་འགུགས་ཡིག་བཏང་ནས་བསད་གྲབས་བྱེད་པ་ནག་རུས་ཤེས་རྗེས། དེ་ནུབ་ནག་རུ་དཔོན་བློན་རྣམས་བྲོས་བྱོལ་སོང་ནས་ལྷོ་རྔུལ་ཆུ་རྒྱུད་ལ་ཡོད་པའི་བོད་དམག་ལ་མགོ་བཏགས་ཞུས། དེར་ནག་རུ་བྲོས་པ་ཤེས་རྗེས་ལུའུ་ཅུན་དམག་དང་དཀར་རུ་མཉམ་སྦྲེལ་གྱིས་ཁྱུང་ནག་རྫོང་མེ་ལ་བསྲེགས་ནས་མི་བསད་རྒྱུ་འཕྲོགས་བྱས་སོ། ཕ་རུས་གཅིག་པའི་སྤུན་ཟླའི་འབང་། བྲག་གཡབ་འཁྱམས་པོའི་ཁྲག་ལྟར་དཀྲུག རྩ་ཆེའི་ནོར་བུ་ཐལ་བར་བསྒྱུར། ཕ་སྤུན་ཉེ་བ་དགྲ་རུ་མཐོང་། འདི་ཕྱི་གཉིས་ཕུང་ཤ་རེ་ཚ། ཅེས་རྗེས་སུ་དྲན་པའི་ཚིག་གོ
དེ་རྗེས་བོད་དམག་དང་ནག་རུ་མཉམ་སྦྲེལ་གྱི་སྟེང་ཆེན་ལ་དམག་བརྒྱབ་ཏེ་རྟེན་བང་ཁྲ་མ་མེ་ལ་བསྲེགས། དཀར་རུའི་མི་དྲག་བཅོ་བརྒྱད་སྣ་བྲེགས་པ་སོགས་བྱས་སོ༎ནས་འབྲུ་རྔོ་དུས་སོག་མ་བསྲེགས། ནས་འབྲུ་སེམས་སྐྱོ་སླ་ངར་ངུ། རྩ་བ་གཅིག་ལས་སྐྱེས་ན་ཡང་། བསྲེགས་འཕྲོག་འཚེ་བའི་དགྲ་དང་འདྲ། མ་འོང་གཉིས་ཀ་བརླག་པ་བརྗེད། འདས་དོན་དྲན་པའི་གདུང་བའི་མནར།། ཅེས་རྗེས་སུ་དྲན་པའི་ཚིག་གོ་
སླར་སྨྲས་པ། བླ་མའི་བཀས་བསྐུལ་གྲོགས་ཀྱིས་མཐུན་སྐྱེན་སྒྲུབ།འབད་བཙོན་བྱས་དང་དཔྱད་གཞི་འཛོམས་པ་ལས། ཁྱུང་རབས་རྟ་བདུན་བསུ་བའི་ཕོ་ཉ་ལ།
དོག་སློང་སྐྱ་རེང་གསར་པ་འདི་གྲུབ། གཅམ་བུའི་ངག་སྒྲོས་ཕལ་བར་མ་བསྟེན་ཅིང་། ཟོལ་བསྟོད་ཚིག་གི་ལོ་མའི་མ་སྒྲིབ་པར། ཁྱུང་རབས་ལོ་རྒྱུས་དཔག་བསམ་ལྗོན་ཤིང་ལས། དོན་གྱི་འབྲས་བུ་སྟོན་ལ་འབད་ཁུལ་བྱས། འོན་ཀྱང་ཁོ་བོ་ཐོས་ཉུང་རྣམ་དཔྱོད་ཞན། ཁྱུང་རབས་ལོ་རྒྱུས་ཉེས་འགལ་ནོང་པ་གང་། མཁས་ལ་བཤགས་སོ་བརྩེ་བས་འཆོས་པར་མཛོད།། དགེ་འབྲས་མཆིས་སྲིད་བོན་བསྟན་རྒྱས་ཕྱིར་བསྔོ།།
ཞེས་ཁྱུང་རབས་འདི་ལྟར་བྲིས་ཤིག་ཅེས་ཡབ་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་དང་རྣལ་འབྱོར་བོན་དབྱིངས་རང་གྲོལ་རྣམ་གཉིས་ནས་བཀའ་མངགས་གནང་བ་ཡིད་ལ་བརྣག་ཀྱང་བྲེལ་འཕོང་དབང་གིས་ཡུན་རིང་ལུས། སླར་ཡང་གཅེན་པོ་ཚུལ་ཁྲིམས་ཡེ་ཤེས་སོགས་མཆེད་གྲོགས་འགས་སྐུལ་མ་ཡང་ཡང་བྱས་ཀྱང་དཔྱད་གཞི་མ་རྙེད་པའི་བཞག ད་སྐབས་ཁྱུང་རབས་༼གཡུ་མགོ་མ་༽དང་། ༼གོང་སྔོན་མ།༽ ༼གསེར་སྒོམ་མ།༽ ༼ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ཅན།༽ ༼ཁྱུང་པོའི་རྣམ་ཐར་མི་རྟག་རྒྱུད་སྐུལ།༽ ༼ཁྱུང་རབས་པུ་ཏི་ཀ་ཡ་བག་༽སོགས་ལ་དཔྱད་ནས་ཁྱུང་ནག་དགོན་པའི་བླ་མའི་མིང་ཙམ་འཛིན་པའི་མཐའ་ཞུ་འོད་ཟེར་མཐའ་རྒྱས་པས་བོད་ས་བྱི་༼༢༠༠༨༽ལོར་ཁྱུང་ནག་དགོན་བསམ་གཏན་གླིང་དུ་ཕུར་པ་སྒྲུབ་པའི་ཐུན་མཚམས་སུ་བྲིས་པའི་དགེ་བའི་ཕ་མའི་ཐོགས་དྲངས་འགྲོ་ཀུན་བདག་གིས་ཐར་པའི་ལམ་འདྲེན་ནུས་པར་གྱུར་ཅིག། དགེའོ།། བཀྲ་ཤིས།། ༎
- ཟིན་ཐོ་གོང་མ།ཁྱུང་པོ་སྤུ་ལ་ཁའི་གདུང་རབས་རིམ་བྱོན་གྱི་སྐོར།
- ཟིན་ཐོ་འོག་མ།སྲོང་བཙན་གོང་དུ་བོད་ཡིག་ཡོད་པའི་བདེན་དཔང་། འོས་སྦྱོར།