ཁྱུང་རབས་ལོ་རྒྱུས་གོང་མཐུད་བཞི་པ། དཀར་ནག་སེར་གསུམ་ཚབ་ཚ་སྤུ་ལ་ཁ་བཅས་ཀྱི་རུ་ཤོག་སོ་སོའི་ དོན་ཡོད་ལས་འཛིན་དཔོན་པོའི་གདུང་རབས་དང་དམ་པ་བླ་མའི་གདན་ས་འཛིན་མཁན་གྱི་རྣམ་ཐར་བྱེ་བྲག་ཏུ་བཤད་པ་ལ།
༡ ཁྱུང་དཀར་ཀྱི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།
ཁྱུང་དཀར་གདན་ས་འཛིན་མཁན་རིམ་བྱོན་གྱི་སྐོར་བཤད་པ་ལ་རོང་མོ་ཨ་མཚོ་བཟའ་ཡི་སྲས་རྒྱུད་ལ་ཁྱུང་པོ་དཀར་རུ་ཚང་ཞེས་འབོད་པའི་ཨ་བླའི་སྲས་དབང་རྒྱལ་གྲུབ་ཀྱི་ལྕམ་རང་མོ་ཨ་མཚོ་བཟའ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་རིན་པོ་བསོད་ནམས་རྒྱལ་མཚན་བཙུན་པ་ཡིན། དགུང་ལོ་གྱ་གཉིས་ཐོག་འདས། སྲས་ཆུང་བ་དྲུང་ཆེན་ནམ་མཁའ་རྒྱལ་མཚན་ཡང་བཙུན་པ་ཡིན་ཞིང་དགུང་ལོ་དོན་གཉིས་བཞུགས།
ཁྱུང་དཀར་གདན་ས་འཛིན་མཁན་དང་པོ་སྲས་འབྲིང་བ་དཔོན་ཚང་རྒྱལ་བ་གྲུབ་༼གཡུ་མགོ་མ་༽ལས་༼དཔོན་ཚང་རྒྱལ་བ་གྲུབ་དེའི་དུས་ལ། བྱ་ཟེ་དམར་མོ་ཇ་ཡི་བརྡུང་། རྫོང་སྨུག་གུར་གླང་ཁྲག་གི་བརྡུང་། སྐད་གཉིས་མཁར་དཀར་འོ་མའི་བརྡུང་། གོང་སྔོན་གཡུ་རྫོང་ཆང་གི་བརྡུང་། རྫོང་བཞི་བརྡུང་ནས་འདྲེ་བཞི་བརྟུལ། ཞེས་ཁྱུང་སེར་ལ་མངའ་དབང་བསྒྱུར་ཚུལ་འཁོད་༽ཡིན་དེའི་ལྕམ་སྤར་ཡག་བཟའ་ལ་སྲས་ཆེ་བ་བློ་གྲོས་རྒྱལ་མཚན། དེ་འོག་དབང་ཆེན་རྩེ། ཆུང་བ་ལྷ་རྒྱལ་ཐར་དང་གསུམ་རོང་བཟའ་ལ་སྲས་གཡུང་དྲུང་གྲགས་པ་བཅས་བཞི་འཁྲུངས་།
དཔོན་རབས་གཉིས་པ་དབང་ཆེན་རྩེ་ཡི་ལྕམ་བྱ་བཟའ་ལ་སྲས་གཡུང་དྲུང་གྲགས་པ་དང་གྲགས་འབུམ་གཉིས་འཁྲུངས་། དཔོན་རབས་གསུམ་པ་གཡུང་དྲུང་གྲགས་པའི་ལྕམ་བཞི་བསུས་ནས་སྲས་ལྔ་འཁྲུངས་པའི་ཆེ་བ་རིན་པོ་ཆེ་རྒྱལ་མཚན་དར་བཙུན་པ་ཡིན་ཞིང་དགུང་ལོ་ཞེ་གཉིས་སྐབས་སུ་འདས། དེའི་འོག་རིན་པོ་ཆེ་གཡུང་དྲུང་རྒྱལ་ཡང་བཙུན་པ་ཡིན་ཞིང་དགུང་ལོ་ང་གཉིས་སྐབས་སྟེང་ཆེན་དུ་འདས། དཔོན་རབས་བཞི་པ་དེའི་འོག་བློ་གྲོས་རྒྱ་མཚོ་ཡིན། དེའི་སྲས་ཆེ་བ་རིན་ཆེན་རྒྱལ་མཚན་བཙུན་པ་ཡིན་ཞིང་དགུང་ལོ་སོ་བཞི་ཐོག་འདས། དཔོན་རབས་ལྔ་པ་དེའི་འོག་ཨ་མཆོག་ཡིན། དེའི་ལྕམ་ཚབ་བཟའི་སྲས་རྒྱལ་བ་གྲགས་བཞེར་བཟའི་སྲས་བསྟན་པའི་རྒྱལ་མཚན་བཙུན་པ་ཡིན་དགུང་ལོ་གྱ་གསུམ་ཐོག་འདས། དཔོན་རབས་དྲུག་པ་རྒྱལ་བ་གྲགས་ཀྱི་སྲས་བཞེས་བཟའི་སྲས་ཡེ་ཤེས་རྒྱལ་མཚན་བྱིས་པའི་དུས་འདས། དཔོན་རབས་བདུན་པ་སྲས་ཆུང་བ་གཙོ་མཆོག་སྲུང་དེའི་ལྕམ་སྟག་ལུང་དབང་མོའི་སྲས་ཆེ་བ་ལྷུན་གྲུབ་བསོད་ནམས་རྒྱལ་མཚན་བཙུན་པ་ཡིན་ཞིང་དགུང་ལོ་ཞེ་བརྒྱད་ཐོག་སྟེང་ཆེན་དུ་འདས། དཔོན་རབས་བརྒྱད་པ་སྲས་ཆུང་བ་བཙན་རྒྱལ་གྲགས་པའི་ལྕམ་རོང་བཟའི་སྲས་རིན་ཆེན་དབང་གི་རྒྱལ་མཚན་བྱིས་པ་ལོ་བརྒྱད་དུས་འདས། རྒོད་བཟའི་སྲས་ཆེ་བ་ལྷུན་གྲུབ་རྒྱལ་མཚན་ན་གཞོན་ཏེ་དགུང་ལོ་ཉེར་བརྒྱད་དུས་འདས།
དཔོན་རབས་དགུ་པ་སྲས་ཆུང་བ་དལ་འབྱོར་སྟག་བཙན་གྱི་ལྕམ་གསུམ་བཞེས་སྲས་འགའ་འཁྲུངས་པ་འདས། དེའི་རྗེས་གསེར་རྩའི་རྗེ་མོ་སྟག་ལུང་བོན་མོ་ལ་སྲས་གྲགས་པ་རྒྱལ་མཚན་འཁྲུངས་པ་ཕྱིས་སུ་དཀར་རུ་ཚང་ནས་རྒྱུ་ནོར་འབོར་ཆེན་གྱི་བསླུས་ནས་མར་བསུས་པས། དཔོན་རབས་བཅུ་པ་གྲགས་པ་རྒྱལ་མཚན་དེའི་ལྕམ་ནང་ཆེན་དབང་མོ་ལ། དཔོན་རབས་བཅུ་གཅིག་པ་དབང་རྒྱལ་གྲགས་པ་དེའི་སྲས་ཆེ་བ་བསྟན་པ་རྒྱལ་མཚན་བཙུན་པ་ཡིན་དགུང་ལོ་དྲུག་བཅུ་ཐོག་སྟེང་ཆེན་དུ་འདས། དཔོན་རབས་བཅུ་གཉིས་པ་སྲས་ཆུང་བ་བཀྲ་ཤིས་བཟང་པོ་དེའི་ལྕམ་ཁྲོམ་བཟའི་སྲས་ཆེ་བ་བཤེས་གཉེན་ནམ་མཁའ་གཡུང་དྲུང་བཙུན་པ་ཡིན་དེའི་འོག་ཁྱུང་པོ་ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས་ནི་མཁས་བཙུན་དོན་དང་ལྡན་པས་སྟོད་སྨད་ཀྱི་གྲྭ་སློབ་མང་པོ་སྨིན་གྲོལ་མཛད།
དཀྱིལ་འཁོར་ཕྱི་ནང་གསང་གསུམ་གྱི་ཕྱག་ལེན་ཁྱུང་ལུགས་ཁུངས་ལྡན་གྱི་སྲོལ་བཙུགས་ཤིང་དཀར་ལེགས་དགོན་དུ་བསྟན་པ་འཛིན་སྐྱོང་སྤེལ་ནས་བཞུགས་སོ། དེའི་འོག་ཨ་རྒོད་ཆུང་དུས་འདས། དཔོན་རབས་བཅུ་གསུམ་པ་སྲས་ཆུང་བ་ཨ་ཇོ་ཡིན་དེའི་སྲས་ཆེ་བ་དཔོན་རབས་བཅུ་བཞི་པ་རྣམ་རྒྱལ་ཡིན་སྲས་ཆུང་བ་དྲུང་ཆེ་ཀུན་དགའ་ཡེ་ཤེས་བཙུན་པ་ཡིན་ནོ། དེ་རྣམས་ནི་རོང་མོའི་སྲས་རྒྱུད་ཁྱུང་པོ་རོང་ཚ་ཚང་གི་གདུང་རབས་སོ༎ དཀར་རུ་བེ་ཧུ་ཁྱུང་དཀར་རྣམ་རྒྱལ་འཚོ་བཞུགས་སྐབས་བྲག་གཡབ་སྐྱོང་ཚང་གི་བློ་བཟང་ཕུན་ཚོགས་བུ་གཉིས་ཁྲིད་ནས་སྟེང་ཆེན་དུ་ཡོངས་ཏེ་དཀར་རུ་ཚང་ལ་འགོ་བརྟག་ཞུས་ནས་བསྡད་སྤྱང་ཚང་ཕ་བུ་གསུམ་བློ་རིག་གསལ་ལ་ཡོན་ཏན་མཁས་ཤིང་ཤེད་ཤུགས་དང་དཔའ་རྩལ་གཞན་གྱི་འགྲན་ཟླ་བྲལ་བའི་རིམ་བཞིན་དཀར་རུ་ཚང་གི་དངོས་ཡོད་ཀྱི་དབང་ཆ་བཟུང་ཏེ་བློན་ཆེན་གྱི་གོ་གནས་ཁུར་དེ་ནས་ལྕགས་ལུག་༡༨༢༩
མུ་འགོད་