༄༅།།ཁྱུང་ནག་དགོན་གྱི་བསྟན་རྒྱས་སྨོན་ལམ་བཞུགས།
ཟབ་ཡངས་གཤེན་བསྟན་འཆི་མེད་ལྷ་ལམ་དུ།། མདོ་སྔགས་ཉི་ཟླའི་འོད་ཟེར་རྟག་འཆར་ནས།། སྙིགས་མའི་རྒུད་ཚོགས་མུན་པ་རབ་བཅོམ་ཏེ།། འགྲོ་ཀུན་རྫོགས་ལྡན་སྣང་བའི་ཁྱབ་པར་ཤོག། བསླབ་གསུམ་ལུང་རིག་འཛིན་པ་འདུས་པའི་སྡེ།། སྡེ་སྣོད་གསུམ་གྱི་གཡུ་རལ་འབུམ་ཕྱུག་ཅིང་།། ཚད་གསུམ་གད་རྒྱང་སྒྲོག་པའི་གདོང་ལྔ་པས།། ཁྱུང་ནག་བསམ་གཏན་གླིང་འདི་འགེངས་པར་ཤོག། ཟབ་དཀར་སྔགས་སྡེ་མཐའ་ཡས་རྒྱ་མཚོའི་མཛོད།། རིམ་གཉིས་ཟུང་འཇུག་གྲུ་བོས་ལེགས་བརྒལ་ནས།། གྲུབ་གཉིས་ནོར་བུའི་དཔལ་སྤྱོད་པ་ཡི།། གསང་ཆེན་སྔགས་སྡེའི་བསྟན་པ་རྒྱས་གྱུར་ཅིག། སྡེ་གསུམ་བླ་མེད་ཟབ་ལམ་དགོངས་པའི་རྒྱུད།། གཞི་ལམ་འབྲས་བུའི་མཐར་ཐུག་རྗོགས་པ་ཆེ།། མན་ངག་གསང་ཆེན་སྙིང་པོ་ངེས་པའི་དོན།། རྫོགས་པ་ཆེན་པོའི་བསྟན་པ་རྒྱས་གྱུར་ཅིག། གཡུང་དྲུང་བོན་བསྟན་ནོར་འཛིན་ཡངས་པོའི་ཁྱོན།། བཤད་སྒྲུབ་འདུས་སྡེའི་རྐང་འཐུང་འབུམ་བསྐྲིགས་ནས།། མཆད་ཉན་རྩོད་དང་སྒྲུབ་པའི་འབྲས་བུ་ཡི༎ རྒྱལ་བསྟན་འཁོར་ལོའི་འཛམ་གླིང་ཁྱབ་གྱུར་ཅིག། དུས་གསུམ་འཇིག་བྲལ་གཤེན་བསྟན་རིན་པོ་ཆེ༎ མཆོག་གསུམ་བདེན་མཐུས་ཡུན་རིང་དར་ཞིང་རྒྱས༎ཐེག་གསུམ་བསྟན་དང་བསྟན་འཛིན་སློབ་རྒྱུད་བཅས༎ སྒོ་གསུམ་དགེ་སྤྱོད་ཐུགས་མཐུན་ཁྲིམས་གཙང་ཞིང་༎ཁམས་གསུམ་སྨིན་གྲོལ་བདེ་ཆེན་ས་ཐོབ་ཤོག། ༎ཅེས་པ་འདིའང་ཁྱུང་ནག་དགོན་བསམ་གཏན་གླིང་གི་བླ་མ་མཐའ་ཞུ་པད་མ་ཀུན་ལེགས་མཆོག་དང་འོད་ཟེར་མཐའ་རྒྱས་ཟུང་ནས་བསྐུལ་བའི་ངོར་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་པས་གཟི་ཀེའི་བདེ་ལྡན་སྨིན་གྲོལ་རི་ཁྲོད་དུ་སྒོ་གསུམ་བཅད་རྒྱར་གནས་སྐབས་སུ་སྨོན་པ་དགེ་
- ཟིན་ཐོ་གོང་མ།༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར།
- ཟིན་ཐོ་འོག་མ།མན་ཌལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས།