བླ་མའི་གསོལ་འདེབས་
ཨེ་མ་ཧོ།
ངེས་འབྱུང་གཞལ་མེད་ན༷མ་མཁ༷འི་ཁང་བཟང་རྩེར། །
རབ་མཛེས་བསླབ་གསུམ་དབང་གཞུའི་རྒྱ༷ལ་མཚ༷ན་མཆོག །
ཐར་འདོད་འགྲོ་ཀུན་དད་པའི་རྒྱན་གཅིག་ཏུ། །
འཛིན་པའི་སུམ་ལྡན་བླ་མར་གསོལ་བ་འདེབས། །
སྡེ་བཞིའི་གནས་འཛིན་པད་མའི་ཚལ་གསེབ་ཏུ། །
རྨད་འབྱུང་དཀའ་སྤྱད་ཨུ་དུམ་ཝ་ར་བཞིན། །
བཅས་མཚམས་དག་པའི་འདབ་སྟོང་རབ་བཞད་པའི། །
དྲང་སྲོང་མཆོག་གྱུར་བླ་མར་གསོལ་བ་འདེབས། །
གསང་གསུམ་ཏིང་འཛིན་མར་ཞིའི་ཡོལ་གོ་རུ། །
ཟབ་དཀར་ཉམས་རྟོགས་བདུད་རྩི་རྟག་རོལ་ཞིང༌། །
ཟུང་འཇུག་དགའ་བཞིའི་བདེ་སྟོང་མངོན་འབར་བའི། །
གྲུབ་པའི་རྣམ་རོལ་བླ་མར་གསོལ་བ་འདེབས། །
ཀ་དག་ཟང་ཐལ་ལྟ་བ་ན༷མ་མཁ༷འ་རུ། །
ལྷུན་གྲུབ་འོད་གསལ་སྒོམ་པའི་རྒྱ༷ལ་མཚ༷ན་འཕྱར། །
ཤུགས་འབྱུང་རྒྱ་ཡན་སྤྱོད་པའི་རྩལ་རྫོགས་པ། །
སྐུ་བཞིའི་ངོ་བོ་བླ་མར་གསོལ་བ་འདེབས། །
སྒོ་གསུམ་དད་པས་གསོལ་བ་བཏབ་པའི་མཐུས། །
སྐུ་གསུམ་བླ་མའི་ཞབས་ཟུང་གཡུང་དྲུང་ཁྲིར། །
དུས་གསུམ་མི་འགྱུར་ནུབ་མེད་རྟག་བརྟན་ནས། །
ཁམས་གསུམ་བོན་གྱི་འཁོར་ལོ་བསྐོར་བར་ཤོག །
བླ་མའི་གསང་གསུམ་རིན་ཆེན་དབྱིག་ནོར་ཆེ། །
གསོལ་འདེབས་དད་པའི་རྒྱལ་མཚན་རྩེར་བཀོད་ནས། །
གདུང་ཤུགས་གུས་པའི་དབྱངས་ཀྱིས་བསྟོད་པ་ཡིས། །
སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་ཐོབ་ཤོག །
ཚུལ་མཐར་ངོར་མཐའ་ཞུའི་བཙུན་གཟུགས་ཚུལ་ཡེ་ནས་དབལ་མོའི་འབྲོང་རིའི་རི་ཁྲོད་དུ་སྒོ་གསུམ་བཅད་རྒྱའི་སྐབས་ཕུལ་བ་དགེའོ། །
ན་མོ་གུ་རུ་ཧོ།
བོན་ཉིད་སྟོང་ཆེན་གྱི་གཤིས་སུ། །
བོན་སེམས་མ་བུ་རུ་འདྲེས་པའི། །
སྐྱབས་མགོན་རྣལ་འབྱོར་གྱི་དབང་ཕྱུག །
སྐྱབས་མཆོག་བླ་མ་རང་མཁྱེན་ནོ། །
གསང་གསུམ་ཡོན་ཏན་གྱི་བཀོད་པ། །
གཞོན་ནུ་བུམ་སྐུ་རུ་ཐིམ་ཀྱང༌། །
མཁྱེན་བརྩེ་ཡེ་ཤེས་ཀྱི་དགོངས་པ། །
ནམ་ཡང་འགག་པ་རང་མེད་པའི། །
སྤྲུལ་པའི་ཟློས་གར་གྱི་ཟླ་གཞོན། །
མྱུར་དུ་ངོམ་པ་རང་མཛད་ནས། །
མཛད་འཕྲིན་བསིལ་ཟེར་གྱི་འོད་སྟོང༌། །
སླར་ཡང་ཞིང་འདིར་རང་འཆར་མཛོད། །
འཁོར་དང་སྐུ་ཚེ་དང་འཕྲིན་ལས། །
འཁོར་བ་སྟོངས་པ་ཡི་བར་དུ། །
གེགས་མེད་ལྷུན་གྲུབ་ཏུ་སྐྱོང་ནས། །
བདག་སོགས་མཁའ་མཉམ་ཀུན་འདྲེན་མཛོད། །
གསོལ་བ་སྙིང་དཀྱིལ་ནས་འདེབས་སོ། །
བྱིན་རླབས་ད་ལྟ་རང་སྩོལ་ཤོག །
མདོ་སྔགས་བླ་མེད་ཀྱི་ཉམས་ལེན། །
གཏན་བདེའི་དགའ་སྟོན་དུ་ཕོབས་མཛོད། །
ཅེས་པ་འདི་ཡང་དམ་པ་གང་དེའི་དངོས་སློབ་སྤྱི་ཚང་རྟོགས་ལྡན་གཡུང་དྲུང་ཟླ་བ་ནས་དར་དང་སྨན་སྣ་བཟང་དྲུག་བཅས་ཀྱིས་སྣ་དྲངས་ཏེ་འདི་ལྟར་དགོས་ཞེས་པས་མཐའ་ཞུའི་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་པས་དབལ་མོའི་འབྲོང་རིའི་གནས་ཞོལ་ནས་ཕུལ་བ་དགེའོ། །བཀྲ་ཤིས། །
སྐྱབས་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང༌། །
འབྲས་བསླུ་མེད་དགེ་ཚོགས་ནོར་བུའི་མཐུས། །
བོན་བསྟན་པའི་འདུས་སྡེ་བསྟན་རྒྱས་གླིང༌། །
བསྟན་བསླབ་གསུམ་གཙུག་རྒྱན་རིན་པོ་ཆེ། །
མཆོག་འོད་ཟེར་སྦྱིན་པའི་ཞབས་པད་ཉིད། །
དུས་བསྐལ་པ་རྒྱ་མཚོར་རྟག་བརྟན་གསོལ། །
བསྟན་བཤད་སྒྲུབ་འཁོར་ལོའི་བྱ་བ་ཆེ། །
དོན་གེགས་མེད་མཛད་འཕྲིན་མཐར་ཕྱིན་ཤོག །
ཅེས་པ་འདི་ནི་སྟེང་ཆེན་དགོན་གྱི་མཚམས་རྒན་བཀྲ་ཤིས་རྒྱལ་མཚན་ནས་ཉིད་ཀྱི་ཚ་བོ་གཡུང་དྲུང་བློ་ལྡན་བརྒྱུད་ལྷ་རྫས་དྲི་མེད་ཀྱིས་སྣ་དྲངས་ཏེ་བསྐུལ་ངོར་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་པས་དབལ་མོ་འབྲོང་རིའི་གནས་ནས་སྒོ་གསུམ་དད་པས་ཕུལ་བ་དགེའོ། །
- ཟིན་ཐོ་གོང་མ།ཉམས་མགུར། འོས་སྦྱོར།
- ཟིན་ཐོ་འོག་མ།དུག་གསུམ་གཏམ་རྒྱུས། འོས་སྦྱོར།
སྨོན་དྲུང་ནས