ཉམས་མགུར།
མགོན་དྲིན་ཆེན་རྩ་བ་ཡི་བླ་མར། །
ཡིད་ཁྱེད་ཤེས་གསོལ་འདེབས་ཀྱི་གདུང་དབྱངས། །
སྙིང་ཁོང་ནས་ཤུགས་དྲག་ཏུ་འཐེན་ནོ། །
ཐུགས་བརྩེ་ཆེན་གཟིགས་པ་རང་མ་གཡེལ། །
སྙིང་རུལ་གྱི་སྤྲང་ཕྲུག །
མདོ་མེད་ཀྱི་གླེན་པ། །
སྟོང་ཟད་དུ་འགྲོ་རྒྱུ། །
ཐོབ་དཀའ་ཡི་དལ་འབྱོར། །
རྟག་འཛིན་ཁྱོད་ཅི་དྲན། །
ཤུལ་དུ་ནི་ལུས་རྒྱུ། །
སྒྱུ་ལུས་དང་ཟས་ནོར། །
རྟག་འཛིན་ཁྱོད་ཅི་དྲན། །
འགྲོ་ས་ཡི་ལམ་ཆེན། །
བར་དོའི་ནི་འཕྲང་ཆེན། །
རྟག་འཛིན་ཁྱོད་ཅི་དྲན། །
སྔོན་ཕྱོགས་ནས་བསུ་མ། །
གཤིན་རྗེ་ཡི་ཕོ་ཉ། །
རྟག་འཛིན་ཁྱོད་ཅི་དྲན། །
རྒྱབ་ཕྱོགས་ནས་སྐྱེལ་མ། །
ལས་དབང་གི་རླུང་དམར། །
རྟག་འཛིན་ཁྱོད་ཅི་དྲན། །
མཉམ་འགྲོགས་ཀྱི་གྲོགས་པོ། །
དཀར་ནག་གི་རྣམ་སྨིན། །
རྟག་འཛིན་ཁྱོད་ཅི་དྲན། །
ཉམས་སུ་ནི་མྱོང་རྒྱུ། །
ངན་སོང་གི་སྡུག་བསྔལ། །
རྟག་འཛིན་ཁྱོད་ཅི་དྲན། །
རྟག་འཛིན་ལ་འཁོར་གྱིས་དྲི་བ། །
བཟོད་མེད་ཀྱིས་ན་ཚས་མནར་སྐབས། །
དབང་མེད་དུ་ངག་ནས་ཤོར་སོང༌། །
ཚུལ་ཡེས་དབལ་མོ་འབྲོང་རིའི་གནས་སུ་བྲིས་སོ། །
ཕ་མ་ལ་སོགས་མཁའ་མཉམ་འགྲོ། །
བདག་དང་འབྲེལ་བའི་སེམས་ཅན་གྱི། །
སྡིག་དང་སྡུག་བསྔལ་བདག་གིས་ཁུར།
དུས་གསུམ་དགེ་རྩ་འགྲོ་ལ་བསྔོ། །
འདི་ནས་སྐྱེ་བ་དུས་ཀུན་ཏུ། །
རྫོགས་ཆེན་བསྟན་དང་མི་འབྲལ་ཞིང༌། །
འགྲོ་ཀུན་ཕན་པར་བདག་བྱེད་ཤོག །
མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མིང་གིས་རང་ལོ་སུམ་ཅུ་ཐམ་པ་བོད་ཤིང་ཕག་ལོ་ཟླ་བ་བཅུ་གཅིག་པར་ནད་གཞི་ལྕིད་པོས་མནར་ཏེ་འཆི་ཕྱེད་པར་ཙམ་གྱུར་དུས་རང་ལ་གསལ་འདེབས་ཀྱི་ཚུལ་དུ་དབལ་མོ་འབྲོང་རིའི་རི་ཁྲོད་དུ་བྲིས་སོ།།
- ཟིན་ཐོ་གོང་མ།བདག་ཅག་གི་སྟོན་པས་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ།
- ཟིན་ཐོ་འོག་མ།བླ་མའི་གསོལ་འདེབས་འོས་སྦྱོར།