བདག་ཅག་གི་སྟོན་པས་གྲངས་མེད་གསུམ་དུ་ཚོགས་བསགས་ས་བཅུ་ལམ་ལྔ་བགྲོད་ཚུལ་དང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ལ་ཡང༌། ཐེག་ཆེན་མདོ་ཡི་ལུགས་བསྐྱེད་ཚུལ་ནི་དམྱལ་བའི་གྱད་བུ་ཐུང་གི་ལུས་རྟེན་ལ་དམྱལ་བའི་སེམས་ཅན་ཐམས་ཅད་ཀྱི་སྦྱོང་ཚད་ལ་དམིགས་ཏེ་དེ་དག་སྡུག་བསྔལ་བྲལ་འདོད་ཀྱི་བློ་ཤུགས་དྲག་པོ་ཐུགས་ལ་འཁྲུངས་ནས་དེ་རྣམས་ཀྱི་སྡུག་བསྔལ་གྱི་སྦྱོང་ཚད་བདག་ཐོག་ཏུ་སྨིན་པའི་སྨོན་ལམ་མཛད་དུས། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་གཞི་བཟུང་བར་གསུངས་སོ། །དེ་ལྟར་རིགས་དྲུག་གནས་སུ་སྙིང་རྗེའི་གཞི་བཟུང༌། བྱམས་པའི་སེམས་བསྐྱེད། མཐར་དད་པ་བཟང་པོའི་འཕེན་ཤུགས་ཀྱིས་འཛམ་བུ་གླིང་དུ་བྲམ་ཟེར་སྐྱེས་པའི་སྐབས་ཤིན་ཏུ་སྟོན་པ་བསོད་ནམས་དབང་ལྡན་དྲུང་དུ་སེམས་བསྐྱེད་ཀྱི་སྡོམ་པ་བཞེས་ཏེ། བདག་མཐར་གྲུབ་པ་ཐོབ་པའི་དུས་རྟིང་ལ་གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབ་ཅིང་དགེ་བའི་བསོད་ནམས་དེའི་མཐུ་སྟོབས་ཀྱིས་དེ་ནས་རྟེན་དལ་འབྱོར་གྱི་མི་ལུས་ཤ་སྟག་ཐོབ་བོ། །
གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ནི། ཐེག་ཆེན་ཚོགས་ལམ། སྟོན་པ་བསོད་ནམས་དབང་དྲུང་དུ་ཐུགས་མཆོད་བསྐྱེད་པ་དང༌། ཐེག་པ་ཆེན་པོའི་ཚོགས་ལམ་རྒྱུད་ལ་འཁྲུངས་ཏེ། དུས་ཡུན་རིང་པོར་ཚོགས་ཀྱི་ལམ་དུ་ཚོགས་བསགས་མཛད། ཐེག་ཆེན་སྦྱོར་ལམ། དེ་ལྟར་ཚོགས་བསགས་མཛད་པའི་མཐར་འོག་ཕྱོགས་འཇིག་རྟེན་མུ་ལ་འགྲམ་བྱ་བ་ན་རྒྱལ་བུ་ཤེས་རབ་ལྡན་བྱ་བར་སྐྱེ་བ་བཞེས་པའི་དུས་དེར་ཚོགས་ལྷག་མ་བསྡུས་ཏེ། ཐེག་ཆེན་སྦྱོར་ལམ་མོས་སྤྱོད་ཡན་ལག་རྣམ་བཞི་དུས་དེ་ཉིད་དུ་རྫོགས། ཐེག་ཆེན་མཐོང་ལམ། གོང་གི་ཤེས་རབ་ལྡན་དུ་སྐྱེ་བའི་སྐབས་དེར་དྲག་རྩུབ་མུ་གེ་ཉིང་ཤ་ཉིང་ཟའི་བསྐལ་པ་ཤར་དུས། རྒྱལ་སྲིད་ལོངས་སྤྱོད་རྣམས་དང༌། མགོ་ལུས་སྲོག་ཀྱང་སྦྱིན་པ་བཏང་ནས་སྐྱེ་བ་རྗེས་མ་དེ་ལྟར་གྱི་སེམས་དཔའི་སྤྱོད་པ་ཟབ་མོ་སྤྱོད་པའི་ཕྱིར། སྦྱོར་ལམ་དང་ལུས་རྟེན་གཅིག་པའི་ཤེས་རབ་ལྡན་གྱི་བརྟེན་དེ་ཉིད་ལ་ས་དང་པོ་ཐེག་ཆེན་མཐོང་ལམ་ཡེ་ཤེས་རྒྱུད་ལ་འཁྲུངས་པ་གྲངས་མེད་གཅིག་ཡིན།
ཐེག་ཆེན་སྒོམ་ལམ། མ་དག་ས་བདུན། དེ་ནས་སྟོང་རྩིས་ཀྱི་བོན་ལ་གསན་ཏེ། མཐོང་བའི་དོན་ལ་ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས་པའི་དུས་སུ་ས་གཉིས་པ་དང༌། གསུམ་པ། བཞི་པ། ལྔ་པ། དྲུག་པ་མན་ཆད་རྒྱུད་ལ་རྫོགས་ནས་ས་བདུན་པའི་མཁྱེན་པ་རྒྱུད་ལ་བསྙེམས།
དག་པ་ས་གསུམ། དེ་ནས་འོག་མིན་འདའ་བ་མེད་པའི་ཕོ་བྲང་ན་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ནོས་པ་ལས། རིགས་དྲུག་ལས་མི་ཡུལ་དང༌། སྐྱེ་བཞི་ལས་མངལ་སྐྱེས་ཀྱིས་སྟོན་པར་གཤེགས་ཤིག་ཅེས་ལས་སོགས་ལུང་བསྟན་ཐོབ་པའི་དུས་དེར་ས་བརྒྱད་པ་རྒྱུད་ལ་སྐྱེས་པ་གྲངས་མེད་གཅིག དེ་ལྟར་ལུང་བསྟན་ཐོབ་རྗེས་ལོངས་སྤྱོད་རྫོགས་སྐུའི་བྱིན་གྱིས་རླབས་ཤིང་འགྲོ་བ་འདུལ་བའི་དབང་བསྐུར་ཐོབ་པ་དང༌། ས་དགུ་པ་མན་ཆད་རྫོགས་ནས་ས་བཅུ་པའི་རྟོགས་པ་རྒྱུད་ལ་བསྙེམས་པའོ། །
དེ་ལྟར་ཐེག་ཆེན་ཚོགས་ལམ་ནས་མཐོང་ལམ་བར་བསྐལ་པ་གྲངས་མེད་དང་པོ། མཐོང་ལམ་ནས་ས་བརྒྱད་པའི་བར་བསྐལ་པ་གྲངས་མེད་གཉིས་པ། ས་བརྒྱད་པ་ནས་ས་བཅུ་རྒྱུན་མཐའི་བར་དུ་བསྐལ་པ་གྲངས་མེད་གསུམ་པ་སྟེ། དེ་གསུམ་གྱི་རིང་ལ་ཚོགས་གཉིས་ཟུང་འཇུག་ཏུ་བསགས། ཚོགས་གཉིས་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། སྟོབས། སྙིང་རྗེ། སྨོན་ལམ། ཐབས་ཚོགས་བཅས་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་བོ། །བརྩོན་འགྲུས་གཉིས་ཀའི་གྲོགས་གསུངས་སོ། །གཞན་བསྡུ་དངོས་བཞི་སོགས་ཀྱི་སྒོ་དུ་མ་ནས་ཚོགས་བསགས་སོ། །
སྒྲིབ་པ་སྦྱང་ཚུལ་ཡང༌། མ་དག་ས་བདུན་ལ་ཉོན་སྒྲིབ་སྦྱངས། དག་པ་ས་གསུམ་ལ་ཤེས་སྒྲིབ་སྦྱངས་སོ། །
མདོ་ལྟར་མཐར་སངས་རྒྱས་ཚུལ་སྲིད་པ་ཡེ་སངས་ཡུལ་དུ་སྐྱེ་བ་བཞེས་པས་སྐྱེ་བརྒྱུད་ཕུན་སུམ་ཚོགས། མགོན་བཙུན་ཕྱྭ་ཡི་གྲོང་དུ་བློ་རྩལ་བསྐྱེད་པས་ཤེས་རབ་ཕུན་སུམ་ཚོགས། ས་བཅུ་ལ་ཤེས་སྒྲིབ་སྦྱངས་པས་ལྟ་དགོངས་ཕུན་སུམ་ཚོགས། འོག་མིན་གནས་སུ་བོན་ལུང་ནོས་པས་བསམ་སྦྱོར་ཕུན་སུམ་ཚོགས་ཏེ། གོང་གི་ས་བཅུ་དངོས་གཞི་ལ་རྫོགས་སྐུས་བྱིན་རླབས་དང༌། དབང་བསྐུར་ཐོབ་ནས་ས་བཅུའི་རྒྱུན་མཐའམ་ས་དེའི་མཐའ་མ་ལ་ཤེས་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཏེ། གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཞིབ་པ་དང་ཕྲ་བ་སྦྱངས་ནས། འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་དུས་སྐད་ཅིག་མ་ལ་ཐུགས་སུ་ཆུད་དེ་སྐུ་འདས་པ་ཆེན་པོའམ་ཐམས་ཅད་མཁྱེན་པའི་སེམས་མངོན་དུ་མཛད་ནས། འབྲས་བུ་དོན་གྱི་བྱེ་བ་གསུམ་ལ་སྐུ་གསུམ་ལྷུན་གྲུབ་ཏུ་རྫོགས་ཏེ་སངས་རྒྱས་པའོ། །
ཡང་སྔགས་ལམ་གྱི་འབྲས་བུ་སྒྲུབ་ཚུལ་ལ། བྱང་སེམས་རྒྱུན་མཐའི་རྟོགས་པ་དང་ལྡན་ཚེ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ། རྫོགས་པའི་སངས་རྒྱས་ཀུན་བཟང་ལས་གསང་ཆེན་སྔགས་ཀྱི་བོན་སྡེ་དུ་མ་གསན་ཏེ། ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས་ངོ་བོ་གཅིག་ཀྱང་འདུལ་བྱ་སྣ་ཚོགས་ཀྱི་དོན་དུ་བླ་མེད་གཡུང་དྲུང་གསང་རྒྱུད་ལྔ་བྱུང་སྟེ། ལྟ་བའི་དོན་དུ་ལུང་ཆེན་ཀུན་འདུས།༡ སྒོམ་པའི་དོན་དུ་ཐེག་ཆེན་སེམས་ལུང༌།༢ སྤྱོད་པའི་དོན་དུ་རྒྱུད་ཆེན་དབལ་ལུང༌།༣ འབྲས་བུའི་དོན་དུ་རྫོགས་ཆེན་སྒོམ་ལུང༌།༤ གསང་སྔགས་དོན་དུ་གསས་མཁར་ཆེན་པོ་ལྔ་སྟེ།༥ གསང་མཆོག་དང༌།༡ དབལ་གསས།༢ མ་རྒྱུད།༣ གཙོ་མཆོག༤ འབྲུག་གསས།༥ དེས་རྒྱུད་སྡེ་རྣམས་གསན་ནས། གཡུ་ལུང་ཤེལ་བྲག་ཏུ་བསྒྲུབ་སྒོམ་སོགས་གསང་སྔགས་འབྲས་བུ་གྲུབ་པའོ། །
བསྐྱེད་རྫོགས་རིམ་གཉིས་ས་ལམ་བགྲོད་ཚུལ་ལ། བསྐྱེད་རིམ་གོམས་པས་གསང་སྔགས་ཀྱི་ཚོགས་ལམ་བགྲོད་ཅིང༌། སྦྱོར་ལམ་མཐར་རྣམ་སྨིན་རིག་འཛིན་འཐོབ། རྫོགས་རིམ་གྱི་ཐོག་མར་མཐོང་ལམ་སྐབས་ཚེ་དབང་རིག་འཛིན་འཐོབ། ས་གཉིས་པ་ནས་རྒྱུན་མཐའི་བར་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ལུས་བཟུང༌། རྒྱུན་མཐའི་སྐབས་སུ་ལྷུན་གྲུབ་རིག་འཛིན་འཐོབ་ཞེས་དང༌། རིམ་གཉིས་རྒྱུ་འབྲས་སུ་བྱུང་བ་འདིས་ཟུང་འཇུག་བཤད་པའི་རྒྱུད་སྡེ་དང་འགལ་ལམ་སྙམ་ན། ཟུང་འཇུག་ཏུ་བཤད་པའི་རྫོགས་རིམ་དེ་བདེན་མེད་རྟོགས་པའི་ཤེས་རབ་སོགས་དེ་ཁོ་ན་ཉིད་རྟོགས་པའི་མཁྱེན་པ་ཞིག་ལ་འཇོག་གོ། །ྋསྐྱབས་རྗེ་ཡོངས་འཛིན་༾བསྟན་འཛིན་རྣམ་དག་རིན་པོ་ཆེས་ཞལ་ནས་སོ། །
- ཟིན་ཐོ་གོང་མ།འཕྲུལ་ངག་བདེན་པ་གཡུང་དྲུང་བོན་ནི།
- ཟིན་ཐོ་འོག་མ།ཉམས་མགུར། འོས་སྦྱོར།