སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཕྲུལ་ངག་བདེན་པ་གཡུང་དྲུང་བོན་ནི། | 2012/6/17 19:17:00

འཕྲུལ་ངག་བདེན་པ་གཡུང་དྲུང་བོན་ནི།

 

རྗོད་བྱེད་འཕྲུ༷ལ་ང༷ག་ཡིག་འབྲུ་བརྗོད་བྱ་བདེ༷ན་པ༷་དེ་གཉིས་འབྲེལ་བའི་བསྟན་དོན་གཡུ༷ང་དྲུ༷ང་བོ༷ན་སྒོ། འཕྲུ༷ལ་ང༷ག་ཅེས་པ་དཔེ་དོན་གཉིས་ཀའི་སྒོ་ནས་མཚན་དུ་གོ་སྟེ། འཕྲུལ་གྱི་ལྡེ་མིག་ལ་བརྟེན་ནས་མཛོད་ཀྱི་ཐ་རམ་འབྱེད་པ་ལྟར། འཕྲུལ་ཡིག་བཞི་བཅུ་ལ་བརྟེན་ནས་གདུལ་བྱ་རྣམས་ཚིག་གིས་བརྡ་སྤྲོད་ཅིང་བློ་གྲོས་སྒོ་འཕར་ཕྱེད་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཚུལ་བཞིན་སྟོན་པའི་ཐབས་སུ་གྱུར་པའི་འཕྲུ༷ལ་ང༷ག་སྟེ། དེའང་བརྡ་ལས་གོ་བྱའི་དོན་ནི་བརྗོད་བྱ་དང༌། དོན་ལས་གོ་བྱའི་བརྡ་ནི་རྗོད་བྱེད། མིང་ཚིག་ཡི་གེ་གསུམ་འདུས་པའི་བརྡ་ཐབས་འཕྲུལ་ལ་བརྟེན་ནས་ཤེས་བྱ་འཁོར་འདས་ཀྱི་དོན་ཐམས་ཅད་རྗེས་སུ་མཚོན་པ་སྟེ། ཡི་གེ་ལས་མིང༌། མིང་ལས་ཚིག ཚིག་ལས་དོན་སོ་སོར་མཚོན་ནས་ཤེས་བྱ་ཐམས་ཅད་ཀྱི་དོན་ངེས་པ་སྟེར་བའི་འཕྲུལ་ངག་གོ། །འཕྲུལ་ངག་ཞེས་པ་གཙོ་བོ་རྗོད་བྱེད་ལུང་གི་བོན་གྱི་དབང་དུ་བྱས་ཏེ་སྨོས་པའོ། །བདེ༷ན་པ༷་ཞེས་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་སྟེ། སྤྱིར་བློས་རིག་པར་བྱ་བའམ་ཚད་མས་རྟོགས་པར་བྱ་བའི་ཤེས་བྱ་ཐམས་ཅད་ཡིན་ལུགས་ལྡན་པའི་ཆ་ནས་བདེན་པ་ཞེས་བཞེད་ལ། སྐབས་འདིར་རྣམ་པར་དག་པའམ་བསླུ་བ་མེད་པའི་དོན་ཡིན།

བདེན་པ་གཉིས་གནས་ལུགས་དོན་དམ་གྱི་དབང་དུ་བྱས་ན། བོན་ཉིད་རྣམ་པར་དག་པའི་དོན་དམ་བདེན་པ། སྣང་ལུགས་ཀུན་རྫོབ་ཀྱིས་དབང་དུ་བྱས་ན། བོན་ཅན་རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བའི་ཕྱིར་ན་ཀུན་རྫོབ་བདེན་པ།

མཚན་མར་མ་གྲུབ་པའི་ཡིན་ལུགས་དང་ལྡན་པ་ནི་དོན་དམ་བདེན་པའི་མཚན་ཉིད། མཚན་མར་སྣང་བའི་ཡིན་ལུགས་དང་ལྡན་པ་ནི་ཀུན་རྫོབ་བདེན་པའི་མཚན་ཉིད། རྟོགས་བྱའི་དོན་གྱི་དམ་པ་དེ་ཉིད་རྣམ་པར་དག་པའི་བདེན་དོན་མཐར་ཐུག་ཡིན་པས་དོན་དམ་བདེན་པ། སྤྱིར་ཀུན་རྫོབ་ཡིན་ན་བརྟག་ན་བདེན་པའི་དོན་ཡིན་ཀྱང༌། འཇིག་རྟེན་ཐ་སྙད་ཀྱི་ངོས་ན་བཞག་པའི་ཀུན་རྫོབ་ཡིན་ན། དེའི་ངོར་བདེན་པར་སྣང་བའི་ཀུན་རྫོབ་བདེན་པ་ཞེས་འཇོག་པས། ཀུན་རྫོབ་ཡིན་པ་དང་བདེན་པ་ཡིན་པ་མི་འགལ་སྐབས་འདིར་བདེན་པ་ནི་བརྗོད་བྱ་དོན་དབང་དུའོ། །

ངོ་བོ་ནི་རང་གི་སྤྱོད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའམ། ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་བྱེད་ཀྱི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་དེ་གཡུང་དྲུང་བོན་གྱི་མཚན་ཉིད། སྒྲ་དོན་ནི་གཡུང་ནི་མ་གཡོས་པ། དྲུང་ནི་མ་བཅོས་པ། གཡུང་ནི་མ་སྐྱེས་པ། དྲུང་ནི་མ་འགག་པ། གཡུང་ནི་མི་འབྱུང་བ། དྲུང་ནི་མ་འགག་པ། དེ་བཞིན་དུ་སྟོང་པ་དང་མི་དམིགས་པ། དབྱིངས་དང་སེམས། ཀུན་རྫོབ་དང་དོན་དམ། མཁའ་དང་ཀློང༌། ཡོད་དང་མེད། ཐབས་ཤེས། སྣང་སྟོང༌། སྐྱེ་འགག རྟག་ཆད་སོགས་ལ་འཇུག དོན་དམ་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་དེ་ལས་མི་གཡོ་བས་གཡུང༌། ཀུན་རྫོབ་བོན་ཅན་འགག་པ་མེད་པ་སྒྲ་ཚིག་ཡི་གེའི་རྣམ་པ་ཤར་བས་དྲུང༌། གཡུང་དྲུང་བོན་གྱི་དབྱེ་བ་ལ་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་ལ། རྟོགས་པའི་ངོ་བོར་གྱུར་པའི་གཡུང་དྲུང་གི་བོན་དང༌། རྟོགས་པའི་ངོ་བོར་མ་གྱུར་པའི་གཡུང་དྲུང་གི་བོན་གཉིས། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ལ་བཀའ་དང་བཀའ་བརྟེན་གཉིས་སོ། །

མདོར་ན་ཤེས་བྱ་བདེན་པ་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་ངོ་བོའི་དབང་དུ་བྱས་ན་སྐྱེ་མེད་ཀྱི་དབྱིངས་ལས་མི་གཡོ་བ་དང༌། རྣམ་པའི་དབང་དུ་བྱས་ན་འགག་མེད་ཀྱི་རྟགས་ལས་མི་འདའ་བ་སྟེ། གཉིས་ཀ་གང་ལྟར་ཡང་དེ་ལས་གཞན་དུ་བཅོས་སུ་མེད་པས་འགྱུར་བ་མེད་པའི་དོན་ཡིན་ལ། དེའི་ངོ་བོ་སྐྱེ་མེད་ཀྱི་དབྱིངས་ནི་གནས་ལུགས་དོན་དམ་བདེན་པ་ཡིན་པས། འཁོར་འདས་ལམ་གསུམ་གང་གི་སྐབས་སུའང་གཡོ་བ་མེད་པ་དེ་ཉིད་བོན་ཉིད་མཐར་ཐུག་ཡིན་པས་བདེན་པ་གཉིས་ལས་དོན་དམ། དེ་མངོན་དུ་གྱུར་ན་ཐོབ་བྱའི་འབྲས་བུའང་ཡིན་པས་བདེན་པ་བཞི་ལས་འགོག་པའི་བདེན་པ་ཡིན་ལ། རྣམ་པ་འགག་མེད་ཀྱི་རྟགས་ནི་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་ཡིན་པས། རྒྱུ་འབྲས་རྟེན་འབྲེལ་གྱི་སྣང་ཚུལ་ལས་ནམ་ཡང་འདའ་མི་སྲིད་ལ། དེའང་གཡུ༷ང་གིས་ནི་ངོ་བོ་སྐྱེ་མེད་ཀྱི་སྒྲས་སྤྱིར་ངེས་དོན་གྱི་བོན་སྤྱི་དང་ནང་གསེས་མདོ་སྔགས་བླ་མེད་ཀྱི་བོན་སྡེ་རྣམས་མཚོན། དྲུ༷ང་གིས་ནི་རྣམ་པ་འགག་མེད་ཀྱི་སྒྲས་སྤྱིར་དྲང་དོན་གྱི་བོན་སྤྱི་དང་ནང་གསེས་ཕྱྭ་སྣང་འཕྲུལ་སྲིད་ཀྱི་བོན་སྡེ་རྣམས་སྟོན་པ་སྟེ། རྒྱུ་འབྲས་ཀྱི་བོན་གང་རུང་ཡིན་ན་གཡུང་དྲུང་བོན་ཡིན་པ་མི་འགལ་བས་ན་རྒྱུ་ཡི་བོན་སྡེ་རྣམས་ལ་གཡུང་དྲུང་བོན་ཞེས་བརྡས་བརྗོད་རུང་ངོ༌། །

སྐབས་འདིར་གཡུང་དྲུང་བོན་གྱི་གོ་དོན་ནི་སྐྱེ་འགག་གཉིས་སུ་མེད་པའམ། བདེན་གཉིས་དོ་མཉམ་གྱི་སྒོ་ནས་གདུལ་བྱ་རྣམས་རྗེས་སུ་འཛིན་ཞིང༌། གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཀུན་ལས་སྐྱོབས་པར་བྱེད་པས་ན་བོན་ཞེས་བྱ། སྐྱོབས་ཚུལ་ལའང་བསྐྱབ་བྱ་གནས་སྐབས་དང་མཐར་ཐུག་གཉིས། གནས་སྐབས་ལའང་འདི་ཕྱི་གཉིས། མཐར་ཐུག་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་བཅས་བཞི་ལས། སྐྱོབ་བྱེད་གནས་སྐབས་ཚེ་འདིར་སྐྱོབ་བྱེད་གཙོ་བོ་རྒྱུའི་བོན་སྐོར་དང༌། ཕྱི་མར་སྐྱོབ་བྱེད་གཙོ་བོ་བསྙེན་གནས་སོགས་དགེ་སྡིག་རྒྱུ་འབྲས་ཀྱི་བོན་སྐོར་དང༌། མཐར་ཐུག་ལ་ཐར་ལམ་གྱི་དབང་དུ་ཐེག་དམན་གྱི་སྐོར་དང༌། ཐམས་ཅད་མཁྱེན་པའི་དབང་དུ་ཐེག་ཆེན་མདོ་སྔགས་ཀྱི་སྐོར་ཏེ། དེ་དག་ལ་བརྟེན་ནས་གདུལ་བྱ་རྣམས་སྐྱོབ་བྱེད་དུ་གྱུར་པའོ། །

དེའང་བོན་གྱི་སྒྲ་ཞུགས་པ་ཐམས་ཅད་ཀྱིས་སྐྱོབ་མི་ནུས་ཏེ། འཁོར་བའི་བོན་གྱིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་པ་བཞིན་ནོ། །དེས་ན་གཡུང་དྲུང་བོན་ལ་སྤྱིར་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས། བྱེ་བྲག་ཏུ་མདོ་སྔགས་སེམས་གསུམ་གྱི་ཐེག་པ་གསུམ་ཡོད་ཅིང༌། དེ་དག་ཐམས་ཅད་བླ་མེད་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བྱུང་བ་ཡིན་ནོ། །

གཡུང་དྲུང་བོན་གྱི་བསྟན་དོན་ནི། སྤྱིར་སྟོན་པས་སེམས་ཅན་ཚང་མའི་དོན་དུ་བསྟན་ལ། ཁྱད་པར་གདུལ་བྱ་རིགས་ལྷ་ཀླུ་མི་གསུམ་གྱི་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་མདོ་སྔགས་སེམས་གསུམ་བསྟན། སྤྱིར་སྟོན་པ་གཅིག་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ། ནང་གསེས་སྟོན་པའི་ཞལ་ནས། ཕྱི་ཐེག་པ་དགུ། ནང་སྒོ་བཞི་མཛོད་ལྔ། གསང་བ་ཕྱི་ནང་གསང་གསུམ་བསྟན་ལ། འཕྲལ་ཡུན་གྱི་དབང་དུ་བྱས་ན་གནས་སྐབས་འཇིག་རྟེན་གྱི་བོན་དང༌། ཕྱི་མ་ཐར་ལམ་གྱི་བོན། མཐར་ཐུག་སྔགས་སེམས་བླ་མེད་ཀྱི་བོན་རྣམས་རྟེན་འབྲེལ་བཟང་པོའི་མཐར་བརྒྱན་ཏེ་བསྟན་པའོ། །

ཤཱཀ་ཐུབ་ཀྱི་ཆོས་ལ་མེད་པའི་རྒྱུ་བོན་གྱི་སྐོར་རྣམས་བོན་གྱི་མཚན་གཞི་གཙོ་བོ་ཡིན། །གཤེན་རབ་ཀྱི་བོན་ལ་མེད་པའི་ཉན་ཐོས་རྐྱང་པའི་སྐོར་རྣམས་ཆོས་ཀྱི་མཚན་གཞི་གཙོ་བོ་ཡིན། ལྷོ་གཏེར་ཐེག་དགུའི་རྣམ་བཞག སྟོན་པའི་བོན་སྒོ་ཆེས་རྒྱ་ཆེ་ཞིང་གྲངས་མང་གསུངས་པ་རྣམས་བསྡུས་ན། སྣོད་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟོས་ཏེ། བོན་སྒོ་བཞི་མཛོད་ལྔ་ལ་མ་འདུས་པ་མེད། དེ་ཡང་སྣོད་ཐ་མ་གསུམ་ལ་ལྟོས་ཏེ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་གསུང༌། འབྲིང་གསུམ་ལ་ལྟོས་ཏེ་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་གཉིས་གསུངས།

སྣོད་རབ་ལ་ལྟོས་ཏེ། དཔོན་གསས་མན་ངག་ལུང་གི་བོན་སྒོ་དང༌། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོ་གཉིས་གསུངས་པ་ཡིན་ལ། གཞུང་དེ་དག་གི་ངོ་བོ་ཐེག་པ་དང་སྦྱར་ཏེ་གསུམ་དུ་ཕྱེས་པ་ནི། སླ་འགྱུར་གྱི་སྡེ་དང༌། གཉིས་ཀ་མ་ཡིན་པའི་སྡེ། དཀའ་བཅད་ཀྱི་སྡེ་དང་གསུམ་ཡིན་ནོ། །སླ་འགྱུར་གྱི་སྡེ་ལ། ཕྱྭ་སྣང་འཕྲུལ་སྲིད་བཞི་བསྟན་ཡང༌། དེ་དག་ནི་གཙོ་བོ་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་ཐེག་པ་ཞིག་ཡིན་ལ། བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ་པ་ཞིག་ཀྱང་ཡིན།

ཕྱྭ་ཐེག་གི་འཇུག་སྒོ་བཞི་ནི། མོ་རྩིས་གཏོ་དཔྱད་བཞི། སྣང་ཐེག་གི་གྱེར་སྒོ་བཞི་ནི། ཆག་ནག་ཆུ་བོ་སེལ་གྱི་སྒོ།དབུལ་ཕོངས་རྨང་ལྷ་ཀླུ་མནོལ་གེགས་རྩུབ་སྨེ་མནོལ། ཆབ་དཀར་འདྲེ་དབུ་སྐྱེས་འདེབས་དང་སྲི་ཡི་སྒོ།བཅུ་ཐུར་མནན། འཕན་ཡུལ་ཕོ་མོ་ཆུང་གླུད་མཉམ་བརྗེས་གླུད་ཀྱི་སྒོ།བླ་འགུག་ཕྱྭ་གཡང་སྐྱབས། དཔོན་གསས་ཕྱྭ་གཉན་གཏོ་ལྷ་གསས་དབལ་མོ་སྲུང་མ་ས་བདག་མཆོད་ཡི་སྒོ་དང་བཞི་ཡིན་ནོ། །

འཕྲུལ་གཤེན་ནི། གཡུང་དྲུང་བོན་གྱི་བསྟན་པ་སྲུང་བའི་ཐབས་སུ་གཙོ་བོ་གཉེན་པོས་དགྲ་བགེགས་འདུལ་ཏེ། བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་ཐོག་སེར་དང་ཆོ་འཕྲུལ་ལྟས་ངན་བཅས་བསྒྱུར་བའི་ཐེག་པ་ཡིན་ནོ། །རྫུ་འཕྲུལ་བཅུ་གསུམ་གྱི་དགྲ་བགེགས་བསྒྲལ་ཞིང་གནས་སྤར་བར་བྱེད། རྫུ་འཕྲུལ་བཅུ་གསུམ་ནི། བསད་༡གསོ་༢དབབ་༣གཅད་༤ལྟས་ངན་དབབ་༥ཆོ་འཕྲུལ་༦ཇག་ཆིངས་༧མནན་༨གཟེར་༩བསྡུད་༡༠བསྲེག་པའི་རྫུ་འཕྲུལ་༡༡ རང་དོན་༡༢གཞན་དོན་དམིགས་པའི་རྫུ་འཕྲུལ་༡༣བཅས་བཅུ་གསུམ་མོ། །

སྲིད་གཤེན་ནི་བླ་ཡིད་སེམས་གསུམ་འདུལ་བའི་ཐེག་པའམ། གཉིས་ཀ་མ་ཡིན་པའི་སྡེ་ལ་སྣོད་དབང་པོ་འབྲིང་གི་བར་འབྲིང་གཉིས་ལ་ལྟོས་ཏེ། དགེ་བསྙེན་དང༌། དྲང་སྲོང་ཐེག་པ་གཉིས་སུ་བྱས་ཤིང༌། དེས་ནི་བསྐལ་པ་གྲངས་མེད་གསུམ་ལ་སོགས་ཀྱི་སྒོ་ནས་ཐར་པ་ཐོབ་པ་དང༌། གཞན་དོན་ཁོ་ན་ལ་དམིགས་ཏེ་འཕགས་ལམ་ཐོབ་བྱེད་ཀྱི་རྒྱུ་ཞིག་ཀྱང་ཡིན་ནོ། །

དགེ་བསྙེན་གྱི་ཐེག་པ་ནི། ལུས་ངག་ཡིད་ཀྱི་སྒོ་ནས་དགེ་བ་བཅུ་ལ་འཇུག གཞན་སྦྱིན་ཡུལ་སྟོང་གསུམ་ལ་མཆོད་སྦྱིན་རྣམ་དག་བསྔོ་བ་སོགས་སོ། །

དྲང་སྲོང་གི་ཐེག་པ་ནི། འདུལ་ཁྲིམས་གཙང་བའི་བོན་ལ་སྤྱོད་དེ། ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་སྲུང༌། བཟུང་འཛིན་གྱི་སྣང་བ་ལ་ཕྲ་དོན་དམ་རགས་ཀུན་རྫོབ་གཉིས་ཕྱེས།

དཀའ་བཅད་ཀྱི་སྡེ་ལ་སྣོད་དབང་པོ་རབ་ལ་ལྟོས་ཏེ། ཨ་དཀར་དང༌། ཡེ་གཤེན། ཁྱད་པར་བླ་མེད་ཆེན་པོའི་ཐེག་པ་དང་གསུམ་ཕྱེས་པས། ཨ་ཡེ་གཉིས་སྐྱེ་བ་གཅིག་གམ་གཉིས་ནས་ཐར་པ་བྱང་ཆུབ་ཐོབ་པ་དང༌། ཁྱད་པར་ཆེན་པོས་ཚེ་གཅིག་ལུས་གཅིག་ལ་བོན་སྐུ་ཐོབ་པར་བྱ་ནུས་པའི་ཐེག་པ་ཞིག་ཡིན་ནོ། །

ཨ་དཀར་ཐེག་པ་སྣང་བ་ལྷ་དང་གཞལ་ཡས་སུ་བལྟ་སྟེ་སེམས་དཔའ་སུམ་བརྩེགས་སུ་འདོད། བསྙེན་པའི་གཞི་མ་སྒོ་དགུ་བསྒྲུབ་པའི་ཡན་ལག་བཅོ་བརྒྱད་ལུས་ཕྱག་ངག་བསྙེན་ཡིད་ཏིང་འཛིན་ལ་སྤྱོད།

ཡེ་གཤེན་ནི་ཏིང་འཛིན་ཟབ་མོ་བསྒོམ་པའི་སེམས་སྡེ་པ་རྩ་རླུང་ཐིག་ལེ་བཅས་སྦྱང༌།

བླ་མེད་ཐེག་པ་ནི་སྣོད་དབང་པོ་ཡང་རབ་ལ་ལུང་སྡེ་སྣོད་གསུམ་གྱི་ཁོག་དབུབ་སྟེ། ཁྲེག་ཆོད་དང་ཐོད་བརྒལ་བསྒོམ་པའི་སངས་རྒྱས་པར་འགྱུར། དེ་ལྟར་སྒོ་མཐོང་ཐེག་པ་དགུ།ཕྱྭ་སྣང་འཕྲུལ་སྲིད་དགེ་དྲང་ཨ་ཡེ་བླ། གཏིང་དཔག་བྱས་ན་ཞེ་ལྔ།ལྟ་༼༡༽སྤྱོད་༼༢༽སྒོམ་༼༣༽དམ་ཚིག་༼༤༽འབྲས་བུ་༼༥༽བཅས་ལྔ་ལྔ། བཀའ་བཅད་བྱས་བརྒྱ་དང་རྩ་ལྔ་གྱུར། ཕྱྭ་༡སྣང་༢འཕྲུལ་༣གསུམ་ལྔ་རེ་བཅོ་ལྔའི་སྟེང༌། སྲིད་གཤེན་༡དགེ་༢དྲང་༣ཨ་༤ཡེ་༥བླ་མེད་༦དྲུག ལྔ་རེ་དྲུག་སྟེ་སུམ་ཅུ། དེ་དཀའ་སྤྱད་༡སླ་འགྱུར་༢གཉིས་ཀ་མ་ཡིན་༣ཏེ། གསུམ་གསུམ་རེ་དབང་པོ་རབ་འབྲིང་ཐ་མ་ལ་དབྱེ་བ་དགུ་བཅུ་སྟེ་སྔར་བཅོ་ལྔ་བཅས་བརྒྱ་དང་ལྔའོ། །ཕྱྭ་སྣང་འཕྲུལ་སྲིད་བཞི་བྱང་ཆུབ་རྒྱུད་པས་རྒྱུ་བྱང་སེམས་ཡིན་ནོ་རྒྱུ་ཐེག དགེ་དྲང་༢ འབྲས་བུར་ཐག་ཉེ་ཨ་ཡེ་༢ འབྲས་བུ་ལམ་བྱེད་འབྲས་བུའོ་འབྲས་བུའི་ཐེག་པ།འཇིག་རྟེན་ལས་འདས་པའི་དོན་གྱིས་འབྲས་བུ་སྒྲུབ་བྱེད་འབྲས་བུའོ། རྒྱུ་ལ་མི་ལྟོས་འབྲས་བུ་རྫོགས་ཆེན་པའོ། ། གཤེན་རབ་ནི་སྤྱིར་རིག་པའི་སྒོར་ཞུགས་ཤིང་ཡོན་ཏན་མཆོག་དང་ལྡན་པའི་གང་ཟག་གཙུག་ཏུ་བཀུར་འོས་ལ་གཤེན་པོ་དང༌། བོན་ཉིད་བདེན་པའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་དགོངས་སྤྱོད་ཁྱད་པར་ཅན་ལ་གཤེན་ནམ། གཤེན་རབ་བོ། །

གཤེན་རབ་གཉིས་སུ་ངེས་ཏེ་ལམ་ཞུགས་གཡུང་དྲུང་སེམས་དཔའ་རྣམས་རྒྱུ་ཡི་གཤེན་རབས། སྟོན་པ་གཤེན་རབ་ལྟ་བུ་འབྲས་བུའམ་ཐུགས་རྗེ་སྤྲུལ་པའི་གཤེན་རབ་སྟེ། དེ་གཉིས་ས་མཐའ་ཡོད་མེད་ཁྱད་ཕྱེ་སྟེ་རྒྱུ་ཡི་གཤེན་རབས་ལ་ས་མཐའོ། །

 །ྋསྐྱབས་རྗེ་ཡོངས་འཛིན་༾བསྟན་འཛིན་རྣམ་དག་རིན་པོ་ཆེས་ཞལ་ནས་སོ། །

 

 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.